གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༠༣ཉིན།

༄༅།། ང་ཚོས་སློབ་ཆེན་མ་འགྲིམ་ན་མི་ཆོག་པའི་རྒྱུ་མཚན་འཚོལ་བ།


ལིའུ་ཐེ་ཧྥང་གིས་བརྩམས། རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།
        མི་ལོ24ཡི་ཡར་སྔོན་དུ།ང་རང་ཞིང་གྲོང་ནས་ཡིད་སྨོན་གྱིས་ཁེངས་ཏེ་གནས་འདིར་འབྱོར་ཅིང་། དུས་དེ་ནས་བཟུང་ཧུའུ་ནན་དགེ་འོས་སློབ་གླིང་དང་ལས་ཀྱི་འདུན་པ་དམ་དུ་སྦྲེལ། ང་ནི་ཞིང་སྡེ་ཆུང་ཆུང་ཞིག་ནས་ཐོན་པའི་ཞིང་སྡེའི་ན་ཆུང་ཞིག་ཡིན་པས། སློབ་ཆེན་ནི་མི་ཚེའི་ནང་གི་གལ་འགངས་ཆེས་ཆེར་ལྡན་པའི་སྟེགས་བུ་དང་མགོ་རྩོམ་ས་ཞིག་ཡིན་པ་སྨྲོས་མེད་ཡིན། སློབ་ཆེན་གྱིས་ང་ལ་སློབ་ཆེན་གྱི་ཁྲིད་སྟེགས་སྟེང་འགྲེང་ཐུབ་པའི་གདེང་ཚོད་དང་བློ་སྤོབས་བསྩལ་བ་དང་རིག་པ་དོན་དུ་གཉེར་བའི་མི་ཚེའི་ལམ་ནང་དུ་གོམ་པ་རེ་རེ་བཞིན་སྤོ་རུ་བཅུག་ནས་དེ་རིང་ལ་སླེབས། ང་གནས་འདི་ནས་ནར་སོན་ཞིང་གནས་འདི་ནས་བྱ་བ་བསྒྲུབས་པ་ཡིན་པས་གནས་འདི་ལ་བརྗོད་པར་དཀའ་བའི་བརྩེ་དུངས་ཤིག་ཆགས་ཡོད། ལོ་འདི་འདྲའི་མང་པོ་ཞིག་ལ་སློབ་ཆེན་གྱི་ར་བ་ནས་འགྲོ་སྡོད་བྱས་ཀྱང་སློབ་ཆེན་ཞེས་པ་འདི་གང་བྱུང་དུ་གླེང་དགོས་ཚེ་ངག་འཁྲོལ་དཀའ་བ་ཞིག་རེད།སློབ་ཆེན་ནི་དུས་རྟག་པར་ངའི་སེམས་ནང་དུ་གོ་གནས་བླ་ན་མེད་པའི་མཐོ་ས་ཞིག་ཡིན། ངས་སེམས་བསམ་པའི་གཏིང་རོལ་ནས་དེ་ལ་དགའ་གུས་དང་དགའ་མོས། ཡར་ལྟ་བྱེད་བཞིན་ཡོད།
        དེ་རིང་ང་ཚོ་དགའ་སྤྲོ་རབ་ཏུ་འཕེལ་ཏེ་ཧུའུ་ནན་དགེ་འོས་སློབ་གྲྭར་འབྱོར་དུས། ལྷན་རྒྱས་ཀྱིས་སེམས་འདུན་ལ་འགྱུར་བ་མེད་པར་སློབ་ཆེན་གྱི་སྦྱོང་ཚན་ཡོངས་འགྲུབ་བྱ་རྒྱུ་དང་སློབ་ཐོན་ལག་ཁྱེར་ལེན་རྒྱུ།རྗེས་ཕྱོགས་བྱ་བ་འོས་འཚམ་ཞིག་འཚོལ་རྒྱུ་ལས་གཞན། ང་ཚོས་སློབ་ཆེན་མ་འགྲིམ་ན་མི་ཆོག་པའི་རྒྱུ་མཚན་གསར་པ་གང་ཞིག་ཡོད་དམ། འོ་ན་ང་ཚོས་མཉམ་དུ་སློབ་ཆེན་འགྲིམ་པའི་རྒྱུ་མཚན་དམ་པ་ཞིག་འཚོལ་རྒྱུ་བྱ།
        སློབ་གླིང་གི་ར་བའི་ནང་འགྲོ་ཐེངས་རེར་དུས་རྒྱུན་སྐམ་རིད་ཀྱི་མི་དར་མ་ཞིག་གིས་ལྕགས་རྟ་རྙིང་པ་ཞིག་ཞོན་ནས་འགྲོ་བཞིན་པ་མཐོང་ཐུབ། དེ་ནི་ལུས་པོ་འཁྲུག་ཅིང་དབང་པོ་སྐྱོན་ཅན་ཡིན་པའི་སེམས་ཁམས་རིག་པའི་ཆེད་ལས་ཀྱི2011ལོའི་དངོས་གཞི་སློབ་མ་ཧྲིན་པོ་ཅན་རེད། ལུས་པོའི་ཟུངས་ཟད་པས་སློབ་གྲོགས་ཧྲིན་པོ་ཅན་འགྲེང་མི་ཐུབ། འགྲོ་མི་ཐུབ། ཡི་གེ་འབྲི་བ་ལའང་དཀའ་ཁག་ཆེན་པོ་ལྡན་མོད། ཁོས་ལོ12རིང་སྙིང་རུས་བསྐྱེད་པས་མཐའ་མར་རང་ཉིད་ལས་རྣམ་པར་རྒྱལ་ཅིང་། ལོ་དེར་སྐར་མ594བླངས་ཏེ་ཧུའུ་ནན་དགེ་འོས་སློབ་གླིང་གི་སེམས་ཁམས་རིག་པའི་སྡེ་ཁག་ཏུ་རྒྱུགས་འཕྲོད། ཁོས་ང་ཚོར་སློབ་ཆེན་འགྲིམ་པའི་རྒྱུ་མཚན་འདི་ལྟར་བརྗོད་ཡོད་དེ། སློབ་ཆེན་གྱིས་ལུས་རྟེན་གནས་པའི་དངོས་ཡོད་བསྒྱུར་བཀོད་མི་ཐུབ་ཀྱང་སློབ་ཆེན་གྱིས་བདེ་ཐང་གི་བསམ་བློ་གསོ་སྐྱོང་དང་ཚེ་སྲོག་གི་རྩིས་ཐང་བཞེངས་བསྐྲུན་བྱེད་ཐུབ་ཅེས་པའོ། །
        སློབ་ཆེན་གྱི་ཆེས་སྔ་བའི་བསླབ་ཚན་ནི་གསོ་བ་རིག་པ་དང་ལྷའི་རིག་པ། རྩོམ་རིག ཁྲིམས་ལུགས་རིག་པ་སོགས་ཡིན། སློབ་ཆེན་ནི་ཆེས་དང་ཐོག་མིའི་ལུས་སེམས་སྲུང་སྐྱོང་དང་མིའི་བསམ་བློ་མཐོར་འདེགས། མིའི་བླ་སྲོག་བཞེངས་བསྐྲུན་བྱས་ཏེ་ང་ཚོའི་ལུས་སེམས་སྔར་ལས་བདེ་ཐང་དང་བསམ་བློ་བླ་ན་མེད་པ། བླ་སྲོག་མཆོག་ཏུ་འདྲེན་པའི་གནས་གཞི་ཞིག་ཡིན། ང་ཚོ་མི་རེ་རེ་ནི་ཤིན་ཏུ་ཉམ་ཆུང་ཡང་སློབ་ཆེན་གྱིས་ང་ཚོ་རང་རྟོན་ཆེ་ཞིང་བག་ཡོད་ཚུལ་ལྡན་གྱི་མི་སྤོབས་ཉམས་ཅན་དུ་གསོ་སྐྱོང་བྱས་ཡོད། མི་ལ་ཁེངས་ཉམས་ཡོད་མི་རུང་མོད་སྤོབས་ཉམས་མེད་མི་རུང་། སློབ་ཆེན་གྱི་དམིགས་ཡུལ་ནི་ཏག་ཏག་ང་ཚོའི་སྤོབས་ཉམས་གསོ་སྐྱོང་བྱེད་རྒྱུ་དང་། དོན་དུ་ཁྲིན་ཡུན་ཁུས་གསུངས་པའི“རང་མོས་ཀྱི་བསམ་བློ་དང་སྒེར་ཚུགས་ཀྱི་སྙིང་སྟོབས”ཞེས་པ་ཡིན། རང་ཉིད་ཀྱི་མི་གཞི་གཟེངས་སུ་ཐོན་པར་བྱེད་པ་ནི་ང་ཚོ་སློབ་ཆེན་འདིར་འགྲིམ་པའི་རྒྱུ་མཚན་དམ་པ་ཡིན།
        སློབ་ཆེན་འགྲིམ་པ་ནི་མཁས་པའི་མཁས་མཛངས་འཚོལ་རྟོགས་བྱེད་དུ་འགྲིམ་པ་ཡིན།སློབ་གྲྭ་ནས་ལས་སྐལ་བཟང་དུས་སྤོབས་ཉམས་ཆེར་བསྐྱེད་ཀྱི་བགྲེས་སོང་ཞིག་དང་འཕྲད་ཐུབ།བརྒྱད་ཅུའི་ལོ་ཡིས་ཐུབ་པའི་བགྲེས་སོང་དེས་ལོ་གཞོན་དར་མ་ཞིག་དང་འདྲ་བར། ཆུ་ཚོད3ལྷག་ལ་རྣམ་གཡེང་སྤུ་ཙམ་མི་བྱེད་པར་སློབ་ཁྲིད་གནང་ངེས། བགྲེས་སོང་དེ་ནི་རང་རེའི་སློབ་གྲྭའི་སློབ་གཙོ་རྒན་པ་སྐུ་ཞབས་ཀྲང་ཁྲུའུ་ཡན་ལགས་རེད།ད་ལྟའི་བར་དུ་གསུང་རྩོམ་བརྒྱ་ལ་ཉེ་བ་དང་དཔྱད་རྩོམ་ཆིག་སྟོང་།རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་རིག་གཞུང་འཆད་ཁྲིད300ལྷག་བྱས་ཡོད།འཚོ་བ་བབ་ཆགས་ཤིག་རོལ་བཞིན་ཡོད་ཀྱང་བསམ་གཞིག་ལ་མོས་ཤིང་རྩོམ་འབྲི་ལ་དགའ་བས། ཉིན་རེར་ཡིག་འབྲུ1000ཡན་རྩོམ་བཞིན་ཡོད།སྐུ་ཞབས་ཁོང་གིས་དུས་རྒྱུན་རང་ཉིད་ནི་རྦབ་ཆུའི་དཔེ་རུ་འགོད་བཞིན་ཡོད་དེ། ཁོང་གི་བསམ་བློ་ནི་བཟློག་ཏུ་མེད་པའི་རྦབ་ཆུ་བཞིན་མཚམས་མེད་དུ་བཞུར་སྲིད། ཁོང་གི་སྐུ་ལུས་ནས་སློབ་དཔོན་ཆེན་མོའི་ཉམས་སྣང་མངོན་ཡོད་པ་སྟེ།དེ་ནི་སྒེར་ཚུགས་ཀྱིས་བསམ་གཞིག་གནང་བ་དང་བདེན་པ་དོན་དུ་གཉེར་བ།ནམ་ཡང་སྒྱིད་ལུག་མི་བྱེད་པའོ། །ཁྲིད་སྟེགས་ནས་ཡར་བཞེངས་ན་ཁོང་ནི་སློབ་ཆེན་ཡིན།སློབ་ཆེན་གྱི་ཆེ་བ་ནི་སློབ་དཔོན་གང་དེས་བློ་སྒོ་ཕྱེས་པའི་ཤེས་བྱའི་བར་སྟོང་དང་མི་གཞིའི་ཕུགས་འདུན་ཡིན།
        སློབ་ཆེན་ལ་མཚོན་ན་སློབ་ཁྲིད་ནི་ཤིན་ཏུ་གལ་ཆེ་བ་སྨྲོས་མེད་རེད།སློབ་ཁྲིད་ལ་ནན་གྱིས་ཉན་པ་དང་བགྲོ་གླེང་དཔྱད་བསྡུར་བྱེད་པ།བརྒལ་བརྟག་འཕེན་པ་སོགས་ནི་ཤེས་བྱའི་འཚོ་བའི་གཞི་རྩའི་རྣམ་པ་ཡིན། འོན་ཀྱང་སློབ་ཆེན་ནི་སློབ་ཁྲིད་ཁོ་ན་ཙམ་མ་ཡིན་པར། དེ་ལས་ཀྱང“འདོད་བློ་མཐུན་པའི་མཛའ་བརྩེ་དང་མཐོང་རྒྱ།དཔེ་མཛོད་ཁང་གི་དཔེ་ཚོགས”སོགས་ཀྱང་ཡིན། སློབ་ཆེན་ནས་ཀྱང་རྒྱུགས་སྤྲོད་དགོས་ལ་སློབ་ཆེན་ནའང་སྐར་མ་ཡོད། འོན་ཀྱང་ངེས་པ་དོན་གྱི་སློབ་ཆེན་ནི་རྒྱུགས་ཤོག་གཅིག་དང་སྐར་མ་འགའ་རེ་ག་ནས་ཡིན། ངག་སྐྱོར་ཕྲ་མོ་ཙམ་གྱི་བསླབ་པས་མིང་གྲགས་ཆེ་བའི་སློབ་ཆེན་ཞིག་རྦད་དེ་བྱེད་མི་ཐུབ། སློབ་ཆེན་ནི་འཚོ་བ་རོལ་སྟངས་ཤིག་དང་གསོན་སྟངས་ཤིག དེ་བཞིན་ཧུར་ཐག་རང་འགུལ་དང་གསར་གཏོད་རང་བཞིན་ལྡན་པའི་རིག་གནས་འཚོ་བ་ཞིག་ཡིན། ཁྱེད་ཅག་འདི་རུ་སླེབས་ཚེ་རིག་གནས་ཀྱིས་སྣེ་དྲངས་པའི་ཡར་ཐོན་གྱི་སློབ་ཆེན་འཚོ་བ་རོལ་རྒྱུ་དེ་ཤེས་དགོས།སློབ་ཆེན་ནི་འཚོ་བ་རོལ་སྟངས་ཤིག་ཡིན་པའི་ཆ་ནས་འཚོ་བའི་མཚོན་སྟངས་རིགས་གསུམ་མཆིས། དང་པོ་ནི་མི་སྒེར་གྱི་འཚོ་བ་སྟེ་ལང་ཚོའི་ཕྱོགས་ཡིན།ལང་ཚོ་མངོན་པར་མཚོན་པའི་གནད་དམ་པ་ནི་བདེ་ཐང་དང་མཛའ་བརྩེ།བརྩེ་དུངས་ཡིན།གཉིས་པ་ནི་སློབ་སྦྱོང་གི་འཚོ་བ་སྟེ་ཐོས་བརྩོན་གྱི་ཕྱོགས་ཡིན།ཐོས་བརྩོན་བསླབ་པ་གཉེར་བའི་གནད་དམ་པ་ནི་ཤེས་བྱ་དང་ཤེས་རབ།གསར་གཏོད་ཡིན།གསུམ་པ་ནི་སྤྱི་ཚོགས་འཚོ་བ་སྟེ་འགན་འཁྲིའི་ཕྱོགས་ཡིན།འགན་འཁྲི་རྒྱ་བསྐྱེད་པའི་གནད་དམ་པ་ནི་མཐོང་རྒྱ་དང་བརྩེ་སེམས།འགན་ཁུར་ཡིན།
        སློབ་གྲོགས་ལྷན་རྒྱས། དེ་རིང་ནས་བཟུང་ང་ཚོའི་ལས་དབང་གི་སྐྱིད་སྡུག་མཉམ་དུ་འབྲེལ་ཞིང་གཅིག་ཏུ་འདྲིལ་ཡོད། ཁྱོད་ཚོ་སུ་ཞིག་ཡིན་རུང་ང་ཚོའི་བུ་ཕྲུག་ཡིན།ང་ཚོས་བློ་གཅིག་སེམས་གཅིག་གིས་ཁྱོད་ཚོའི་ནར་སོན་གྱི་བདེན་པའི་དཔང་བོ་དང་གྲོགས་སུ་འགྱུར་བར་བརྩོན་ངེས་ལ། ཁྱོད་ཚོའང་ང་ཚོའི་གཟི་བརྗིད་དང་ང་ཚོའི་མི་ཚེའི་དོན་སྙིང་གི་འབྱུང་ཁུངས་སུ་འགྱུར་བར་ཤོག །
        《ཉི་གཞོན་ཉིན་རེའི་ཚགས་པར》ལྟར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1