གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༨ཉིན།

༄༅།། རི་བོང་ཁ་ཤོ།


      སྤྱང་ཀི་དང་ཝ་མོ། དེ་ཕོ། རི་བོང་བཅས་མཛའ་གྲོགས་བསྒྲིགས་ཏེ། མཐུན་པ་སྤུན་བཞི་ལྟར་འདྲིས་ཤིང་མཐུན་པར་གྱུར། རི་བོང་བློ་དང་ལྡན་པར་གྲགས་པས་གྲོགས་རྣམས་ཤིན་ཏུ་དགའ་བ་དང་། རི་བོང་རང་ཉིད་ཀྱང་དེ་ཚོའི་འགོ་བར་གྱུར་པས་དགའ་སྤྲོ་དཔག་མེད་སྐྱེས།
      ཉིན་ཞིག་གྲོགས་པོ་བཞི་བོ་ལྷན་དུ་འཛོམས་ནས་ཟས་འཚོལ་བར་སོང་། ཁོ་ཚོ་ཉིན་ཕྱེད་རིང་ཡར་མར་ལ་ཉུལ་རུང་ཅི་ཡང་མ་རྙེད་པས། ཕོ་བ་ལྟོགས་ནས་གསུས་པར་འུར་སྒྲ་གྲག་པའི་དུས་སུ། རི་བོང་གིས་ཐག་རིང་ནས་ཨ་མཆོད་ཅིག་གིས་རྒྱབ་ཁུག་ལྗིད་མོ་ཞིག་ཁུར་ནས་ཡོང་བ་མཐོང་བྱུང་།
      རི་བོང་གིས་ཡིད་ལ་ཐབས་ཤིག་དྲན་ནས་ཚང་མ་བོས་ཏེ་རྣ་བར་ཤབ་ཤུབ་འགའ་བཤད། ཚང་མས་ཐབས་དེ་བཟང་གི་ཟེར་ནས་ཕྱོགས་སོ་སོར་སོང་། ཝ་མོས་རི་བོང་གི་ཐབས་བཀོད་ལྟར་ནགས་ཚལ་དུ་སྦས་ཏེ།  ཨ་མཆོད་བསྒུགས་ནས་བསྡད། ཨ་མཆོད་ཉེ་སར་ཐོན་ཚེ་ཝ་མོ་ནགས་ཚལ་ནས་གྱོལ་བོ་ཞིག་ཏུ་བརྫུས་ཏེ་ཨ་མཆོད་ཀྱི་སྔུན་ནས་གྱོལ་སྟབས་སུ་སོང་། ཨ་མཆོད་ཀྱིས་ཝ་གྱོལ་བོ་ཞིག་ཏུ་ཡོང་བ་མཐོང་ནས་སེམས་ལ་དེ་རིང་ལས་བཟང་ཀི། མི་འགོར་བར་ཝ་ཞྭ་ཞིག་གོན་ཐུབ་རྒྱུ་རེད་བསམས་ནས་དགའ་སྤྲོ་སྐྱེས། ཁོས་སྐེད་པ་སྒུར་ཅིང་། ལག་པ་བསྲིངས་ནས་ཝ་མོ་འཛིན་པར་བརྩམས་པ་ན་ཝ་མོ་ལྡེམ་མྱུར་ཆེ་བས་ཨ་མཆོད་ཀྱིས་ཐེངས་ཁ་ཤས་ལ་ཟིན་ལ་ཁད་བྱས་ཀྱང་འཛིན་མ་ཐུབ་པར་བྲོས་སོང་། དེ་ལྟར་ཡུན་རིང་ཞིག་ལ་རྗེས་བསྙེགས་པས་ཨ་མཆོད་དབུགས་འཚངས་ཤིང་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར།
      མཐར་ཁོས་རྒྱབ་ཁུག་ཕར་འཕངས་པ་དང་ཞྭ་དང་ལྷམ་སོགས་ཕུད་ནས་བློ་སེམས་རྩེ་གཅིག་གིས་ཝ་མོའི་རྗེས་སུ་བསྙེགས། སྐབས་དེར། རི་བོང་དང་དེ་ཕོ། སྤྱང་ཀི་གསུམ་པོས་མྱུར་དུ་ཨ་མཆོད་ཀྱི་རྒྱབ་ཁུག་སོགས་ཁྱེར་ཏེ་བྲོས། དེ་ནས་ཝ་མོ་ཨ་མཆོད་ཀྱིས་ས་ཐག་རིང་བོར་བདས་པ་ལས་ཐར་རྗེས། ཁ་ཕྱིར་ལོག་སྟེ་རི་བོང་སོགས་དང་མཉམ་དུ་བརྐུས་རྫས་བགོས།
      རི་བོང་གིས་ཨ་མཆོད་ཀྱི་ཞྭ་མོ་དེ་ཕོ་ལ་བྱིན་ནས་ཁྱོད་རྒྱུན་དུ་ཞིང་ཁར་རྒུམ་བུ་འཐུ་བར་འགྲོ་བས་ཞྭ་འདི་ཁྱོད་ལ་སྟེར། ཁྱོད་ཀྱིས་ཞྭ་འདི་གོན་ན་མགོ་འཁྱགས་ནི་མ་རེད་ཟེར།  དེ་ཕོས་བཟང་གི་བཟང་གི་ཟེར་ནས་ཞྭ་གོན་ནས་དགའ་དགའ་སྤྲོ་སྤྲོའི་ངང་འཕུར་སོང་།
      དེ་ནས་རི་བོང་གིས་ཨ་མཆོད་ཀྱི་ལྷམ་དེ་སྤྱང་ཀི་ལ་བྱིན་ནས་ཁྱོད་དུས་རྒྱུན་དུ་འབྲོག་པའི་ལུག་ཁྱུར་རྒྱུག་དགོས་པས་ལྷམ་འདི་ཁྱོད་ལ་སྟེར། ལྷམ་འདི་གོན་ན་རྐང་བར་ཆུ་འདམ་མི་འགོ་ཟེར། སྤྱང་ཀིས་བཀའ་དྲིན་ཆེ་ཟེར་ནས་ལྷམ་གོན་ནས་དགའ་དགའ་སྤྲོ་སྤྲོའི་ངང་སོང་།
      དེ་ནས་རི་བོང་གིས་རྒྱབ་ཁུག་གི་ཁ་ཕྱེས་པ་ན་ནང་དུ་སྦུབ་ཆ་ཞིག་ཡོད་པ་དེ་བླངས་ནས་ཝ་མོ་ལ་བཤད་རྒྱུར། སྦུབ་ཆ་འདི་ཁྱོད་ལ་སྟེར། ཁྱོས་ཁྱེར་སོང་ནས་བརྡུངས་ན་ཝ་ཕྲུག་ཚང་མ་ཧ་ཅང་དགའ་ཟེར་ནས་བྱིན། ཝ་མོས་ཐུགས་རྗེ་ཆེ་ཟེར་ནས་སྦུབ་ཆ་ཁྱེར་ཏེ་ཡིད་ཚིམས་པའི་ངང་ནས་ཝ་ཚང་དུ་ལོག
      མཐར་རི་བོང་ཁོང་འཛུམ་ཞིག་འཆོར་བཞིན་ཐུད་ཅིག་ཡོད་པ་བཟུང་སྟེ་རང་ཡུལ་དུ་ལོངས་སྤྱོད་ལ་སོང་།
      དེ་ཕོས་ཨ་མཆོད་ཀྱི་ཞྭ་གོན་ནས་རོང་བའི་ཞིང་ཁར་རྒུམ་བུ་འཐུ་བར་སོང་བ་ན། ཞྭ་མོ་ཆེ་དྲགས་པས་ཁོའི་མིག་བཀབ་པས་ཞིང་བ་ཞིག་གིས་ཁོའི་མཇུག་སྒྲོ་ནས་བཟུང་། དེ་ཕོས་ནུས་ཤུགས་ཡོད་ཚད་བཏོན་ནས་ཤེད་ཀྱིས་འཕུར་བས་ཐར་ཙམ་བྱུང་ཡང་མཇུག་སྒྲོ་རྩ་བ་ནས་བལ།
     སྤྱང་ཀིས་ལྷམ་གོན་ནས་འབྲོག་པའི་ལུག་ཁྱུར་རྒྱུག་པའི་ཚེ། ལུག་རྫིས་རིག་སྟེ་དབྱུག་པ་བཟུང་ནས་བདས་འོངས་པ་ན། སྤྱང་ཀིས་ལྷམ་གོན་ཡོད་པས་འབྲོ་མ་ཐུབ་པར་ལུག་རྫིས་དབྱུག་པས་བརྒྱབ་ནས་རྐང་བ་ཡ་གཅིག་བཅགས་པ་དང་། ལྷམ་ཕུད་ནས་བྲོས་པས་ད་གཟོད་སྲོག་ཉེན་ལས་ཐར་ཙམ་བྱུང་།
     ཝ་མོ་ལའང་ཆག་སྒོ་ཐེབས། ཁོས་སྦུབ་ཆ་ཁྱེར་ནས་ཚང་དུ་ཐོན་ཚེ་ཝ་ཕྲུག་རྣམས་ཚང་སྒོ་ན་རྩེ་བཞིན་ཡོད་པ་མཐོང་ནས་ཁོས་སྦུབ་ཆ་བརྡུངས་ཏེ་བུ་ཕྲུག་རྣམས་དགའ་རུ་འཇུག་བསམ་མོད། འོན་ཀྱང་ཝ་ཕྲུག་རྣམས་ཀྱིས་སྒྲ་དེ་འདྲ་གོ་མ་མྱོང་བས་ཚང་མ་འདྲོགས་ནས་གཡང་ལ་ལྷུང་སྟེ་ཤིའོ། །
     སྤྱང་ཀི་དང་ཝ་མོ། དེ་ཕོ་རྣམས་ལྷན་དུ་འཛོམས་ནས་རི་བོང་གིས་ཁོ་ཚོར་མགོ་སྐོར་བཏང་བ་ཤེས་ཏེ། ཚང་མ་ཁོང་ཁྲོ་ཚད་མེད་ལངས་ནས། ཚང་མས་རི་བོང་བཙལ་ནས་འཁོན་ལན་ལེན་རྒྱུ་ཐག་བཅད།
     རི་བོང་གིས་སྡོང་རྩ་ཞིག་ཏུ་ཐུད་ཟ་བཞིན་སྐྱིད་པོ་བརྒྱབ་ནས་བསྡད་ཡོད་པའི་སྐབས་སུ། སྤྱང་ཀི་དང་ཝ་མོ། དེ་ཕོ་རྣམས་ཁྲོས་ནས་ཚུར་ཡོང་བ་མཐོང་། རི་བོང་གིས་དོན་མི་ལེགས་པ་ཤེས་ནས་མྱུར་བར་ཐང་ནས་རྡོ་ཞིག་བླངས་ནས་ཤེད་ཀྱིས་རང་གི་ཁ་ལ་བརྒྱབ་པ་ན། ཁོའི་མཆུ་ཏོ་ལ་ཉག་ཤོ་ཞིག་བཏོད་ནས་ཁྲག་དམར་ཙ་ར་ར་བཞུར།
      སྤྱང་ཀི་སོགས་ཐག་ཉེ་སར་མ་ཐོན་གོང་རི་བོང་གིས་ངུ་སྐད་ཆེན་པོས་ཨ་ཡ། ཨ་ཡ། ང་ཚོ་ཚང་མ་ཨ་མཆོད་ཀྱི་མགོ་སྐོར་དབང་དུ་ཚུད་པ་རེད། ཁྱོད་ཚོས་ལྟོས་དང་། ངས་ཐུད་དཀག་སྲ་མོ་འདི་ཟོས་པས་ཁ་ཤོ་སོང་ཟེར།
     ཚང་མས་གནས་ཚུལ་དེ་མཐོང་རྗེས་རི་བོང་ལ་ཡང་ཁག་མེད་ཀི་བསམས་ནས་ཁོང་ཁྲོ་ཞི་བར་གྱུར་ཏེ་རང་རང་སོ་སོའི་གནས་སུ་སོང་ངོ་། ། ཡིན་ནའང་རི་བོང་ནི་དུས་དེ་ནས་བཟུང་བུ་རབས་ཚ་རྒྱུད་དུ་ཁ་ཤོ་ནས་ཡོད་དོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1