གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༠༥ཉིན།

ཤིང་ཕྲུག་གསབ་འཛུགས་བྱེད་པ་ནས་རི་ཀླུང་ཡོངས་སུ་ལྗང་མདོག་ཁེབས་པའི་ལས་གྲྭ།


   ཉེ་ཆར། ལྕགས་ཟམ་རྫོང་གསེར་བྱ་ཐང་གྲོང་སྡེའི་རི་རྒྱབ་ཏུ་ལས་བྱེད་པ་དང་མང་ཚོགས་བརྒྱ་ཕྲག་འགའ་རི་ཐོག་ལ་ཕྱིན་ནས་ཤིང་ཕྲུག་བཙུགས་ནས་མཐོ་སྒང་གྲོག་རོང་གི་ཡུལ་དུ་གཡུ་ཡི་གོས་བཟང་གིས་བཀླུབས་པ་དང་ཆབས་ཅིག དར་མདོ་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་གཞུང་ལམ211པ་བརྒྱུད་ཡུལ་གྱི་འགག་ཟུར་ནས་གུ་དྲག་བར་དང་། རོང་བྲག་རྫོང་གི་སྤྲོ་སྣང་དང་སོག་ཕོ་ཤང་གཉིས་ཀྱི་གྲོང་སྡེ12ཀྱི་གྲོང་བགྲོད་གཞུང་ལམ་ལམ་རྒྱུད་ཀྱི་ནགས་སྐྱོང་མི་སྣས་ཀྱང་བྲེལ་བ་ཆེན་པོའི་ངང་ཟུར་གསུམ་མེ་ཏོག་དང་པར་སིག་ལུག་མིག་སོགས་ཚོན་ལྡན་ཤིང་སྣ་དང་མེ་ཏོག་དག་ལ་ས་རྒྱུ་སྐོང་བཞིན་པ་རེད།

   ཤིང་ཕྲུག་གསབ་འཛུགས་བྱེད་པ་ནས་རི་འགོར་མཛེས་ཆས་སྤྲས་པ་དེ་དཀར་མཛེས་ཁུལ་གྱི་ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་གཏང་རྒྱུའི་ཁ་ཕྱོགས་དང་གྲུབ་འབྲས་གསལ་པོར་མཚོན་ཐུབ་པ་རེད་ཅེས་ད་ལོར་ལོ་ན46ལ་སོན་པའི་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཏའེ་ཞུའེ་ཏུང་གིས་དེ་ལྟར་བཤད།

   1998ལོར་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་པའི་ལས་གྲྭ་ལག་ལེན་བསྟར་ནས2018ལོའི་ལོ་མཇུག་བར། དཀར་མཛེས་ཁུལ་གྱིས་རིམ་རྩིས་བྱས་ན་མིས་བཟོས་ནགས་ཚལ་མུའུ་ཁྲི268.16དང་། གནམ་གྲུ་ནས་བཏབ་པའི་ཤིང་འཛུགས་ནགས་བཟོ་མུའུ་ཁྲི155.72   རི་རྒྱ་ནགས་གསོ་མུའུ་ཁྲི886.73  ནགས་ཚལ་གསོ་སྐྱོང་མུའུ་ཁྲི418.74ལེགས་འགྲུབ་བྱུང་། ནགས་ཚལ་གཞི་ཁྱོན་མུའུ་ཁྲི9125.42ནས་མུའུ་ཁྲི10835.82ཀྱི་ཐོག་འཕར་ནས་མུའུ་ཁྲི1710.4འཕར་བ་དང་། ནགས་ཚལ་གཞི་ཁྱོན་སྨི་གྲུ་བཞི་ལྷམ་པ4.31ནས་སྨི་གྲུ་བཞི་ལྷམ་པ4.83གྱི་ཐོག་འཕར་ནས་ནགས་ཚལ་ཁེབས་ཚད་བརྒྱ་ཆ31.61ནས་བརྒྱ་ཆ34.3གྱི་བར་མཐོ་རུ་ཕྱིན་ཡོད་པ་རེད།

རི་འགོར་ཤིང་ནགས་འཛུགས་པ་དང་། རི་སྐེད་འབྲས་ཤིང་འཛུགས་པ། རི་འདབས་ལོ་ཏོག་འདེབས་པའི་སྐྱེ་ཁམས་ཆགས་ཚུལ་འཛུགས་སྐྱོང་བྱེད་པར་བརྒྱུད། དཀར་མཛེས་ཁུལ་གྱིས་རི་ཀླུང་སྔོ་ཞིང་ཆུ་བོ་དྭངས་བ་ནི་རིན་ཆེན་གསེར་དངུལ་ཡིན་པའི་ལྗང་མདོག་འཕེལ་རྒྱས་གཏོང་བའི་འགྲོ་ལམ་རྒྱ་སྐྱེད་བཏང་བ་རེད། 

▼སྐྱེ་ཁམས་བཅོས་སྐྱོང་བྱས་ཏེ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་བཏང་།

    མཚོ་འཕགས་སྨི3800ཡོད་པའི་མཐོ་སྒང་གི་རྫོང་མཁར། གསེར་ཐར་ལ་ལོ་ཧྲིལ་པོའི་དུས་ཚོད་ཕྱེད་ཀའི་ནང་ཁ་བ་འབབ་ཀྱིན་ཡོད་པ་རེད། ས་ཁད་མཐོ་ཞིང་གྲང་བའི་གནམ་གཤིས་ངན་པས་གསེར་ཐར་རྫོང་མཁར་ཉེ་སྐོར་དུ་ཤིང་ནགས་དག་སྐྱེ་དཀའ་བར་བརྟེན། ཡུལ་མི་ཚོའི་མིག་ལམ་དུ་མངོན་རྒྱུ་ནི་ཁ་བ་ལས་ཁ་བ་མ་གཏོགས་ཡོད་ལེ་མ་རེད།

ཡིན་ནའང་ད་ལོའི་ལོ་འགོ་ནས་བཟུང་རྣམ་པ་འདི་ལ་འགྱུར་ལྡོག་བྱུང་བ་རེད། སྤྱི་ཟླ4པའི་ཚེས3ཉིན་རྫོང་མཁར་དུ་སྔར་བཞིན་ཁ་བས་ཁེབས་ཡོད་ཀྱང་ཡུལ་མི་གྲགས་པས་ཉེ་འདབས་ཀྱི་རི་ངོས་ཤིག་ཏུ་སྔོ་ཐིང་ཐིང་གི་ཤིང་ནགས་སྟུག་པོས་ཁེབས་ཡོད་པ་དེ་མཐོང་ཞིང་། ཡུལ་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་ཆེད། 2018ལོར་ནགས་ལས་སྡེ་ཁག་གིས་གྲང་ངར་ཐེག་ནུས་པའི་སྤུས་ལེགས་གསོམ་ཤིང་ལེགས་འདེམས་བྱས་ཏེ་རྫོང་མཁར་ཉེ་འཁོར་གྱི་སྤྱི་ཆིང70ཡོད་པའི་རི་ངོས་སུ་བཙུགས་པ་རེད། ཤིང་རིགས་དེའི་གསོན་ཚད་མཐོ་རུ་གཏང་ཆེད་འདེབས་འཛུགས་བྱས་པའི་སོན་སྨྱུག་ཡོད་ཚད་ཀྱི་མཐོ་ཚད་སྨི1.5ཡན་ཆད་ཡོད་པ་རེད། ཐེངས་འདིར་འདེབས་འཛུགས་བྱས་པའི་སོན་སྨྱུག་ནགས་ཚལ་དུ་གྱུར་ཐུབ་ན་གསེར་ཐར་རྫོང་མཁར་གྱི་རླུང་འགོག་བྱེ་འཇགས་ཀྱི་ལས་ཀར་ཕན་ནུས་བཟང་པོ་ཐོབ་རྒྱུ་རེད་ཅེས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལྗང་འགྱུར་ནགས་སྤེལ་ཚན་རྩལ་ཁུའོ་ཡི་ཁུའོ་ཀྲང་ཐང་ཅན་ཧྭ་ཡིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

2016ལོར་ཁུལ་ལྗང་འགྱུར་ཨུ་ཡོན་ལྷན་ཁང་གིས《ཁུལ་ཡོངས་སུ་ལྗང་འགྱུར་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་གཏོང་བའི་སྤྱིའི་འཆར་འགོད(2016ལོ་ནས2020ལོའི་)》ཀྱི་བརྡ་ཐོ་པར་སྐྲུན་འགྲེམ་སྤེལ་བྱས་པ་རེད། བརྡ་ཐོའི་ནང་ལོ་ལྔ་ཡས་མས་ཀྱི་དུས་ཚོད་ནང་རང་བྱུང་སྐྱེ་ཁམས་མ་ལག་གི་བྱེད་ནུས་ཇེ་དྲག་ཏུ་གཏང་རྒྱུ་དང་། ཉེ་འཁོར་གྱི་སྔོ་ལྗང་རྒྱ་སྐྱེད་དང་གསབ་འཛུགས་བྱ་རྒྱུའི་ལས་ཀར་གཙོ་གནད་དུ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་འདུས་སྡེ་ཁུལ། གྲོང་རྡལ། ཞིང་སྡེ་བཅས་གནས་གསུམ་གཞི་གཅིག་བྱས་ཏེ་ས་ཁོངས་ཡོངས་སུ་ལྗང་འགྱུར་བྱེད་གང་ཐུབ་བྱས་མཐར། ནགས་དྲྭ་དང་། ཆུ་དྲྭ། ལམ་དྲྭ་བཅས་དྲྭ་གསུམ་མཉམ་སྐྲུན་དང་། སྐྱེ་ཁམས་ཤིང་ནགས་དང་། ཐོན་ལས་ཤིང་ནགས། མཛེས་ལྗོངས་ཤིང་ནགས་བཅས་ཤིང་ནགས་གསུམ་ཐུན་མོང་དུ་མཉམ་སྐྱོང་བྱས་ནས་ས་ཁོངས་ཡོངས་སུ་ལྗང་འགྱུར་མངོན་འགྱུར་བྱ་རྒྱུའི་རེ་བ་བཏོན་པ་རེད།

    ལྗང་འགྱུར་བྱ་སྤྱོད་ཐད་དང་ཐོག་ཐག་གཅོད་བྱ་རྒྱུ་ནི་ས་ཞིང་ཞན་འགྱུར་བྱེ་འགྱུར་གྱི་དཀའ་གནད་ཐག་གཅོད་བྱ་རྒྱུ་ཡིན་པར་བརྟེན། ནགས་ལས་དང་རྩྭ་ཐང་སྡེ་ཁག་གིས་མིས་གཏོར་བརླག་བྱེད་ཚད་ཇེ་ཉུང་དུ་བཏང་བ་དང་། ཐོན་ཁུངས་ཁོར་ཡུག་གི་འགལ་རྐྱེན་ཇེ་ཉུང་དུ་གཏང་རྒྱུ་ནས་འགོ་འཛུགས་ཏེ། རྩི་ཤིང་གི་སྲུང་ཡོལ་དང་འདམ་ར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རང་བྱུང་སླར་གསོའི་ནུས་པ་འདོན་སྤེལ་བྱས་པ་རེད།

དཀར་མཛེས་རྫོང་ཐང་ཁ་ཤང་ཁུག་རོང་གྲོང་སྡེའི་ཐུན་མོང་གི་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཐད་མུའུ65170ལ་གུན་གསབ་སྤྲད་པ་དང་། ལོ་རེར་རྫོང་གིས་ཞིབ་དཔྱད་བསྡུར་བྱས་ནས་ཚད་མཐུན་བྱུང་རྗེས་རྫོང་ནགས་ལས་སྡེ་ཁག་གིས་ཁུག་རོང་གྲོང་སྡེ་ལ་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་གསབ་དངུལ་སྒོར་ཁྲི96ལྷག་སྤྲད་ནས་དུད་ཚང་རེར་སྒོར་ཁྲི3ལྷག་ཐོབ་པ་དང་། མི་རེའི་ཡོང་འབབ་སྒོར5000ལས་བརྒལ་ནས། སྐྱེ་ཁམས་ཕན་འབྲས་ཀྱི་གསབ་དངུལ་སྤྲོད་པའི་སྔོན་ལས་དུད་ཚང་རེར་ཡོང་འབབ་སྒོར་ཁྲི2ཙམ་འཕར་ཡོད་པ་རེད།

▼ ལྗང་མདོག་ཐོན་ལས་ཀྱིས་སྐྱེ་ཁམས་མཛེས་ཤིང་་མི་དམངས་ཕྱུག་པོ་ཆགས།

    སྤྱི་ཟླ4པའི་ཚེས3ཉིན་ལ་གཟའ་མཇུག་མིན་ཡང་ལྕགས་ཟམ་རྫོང་མཚོ་གཉིས་ཤང་མཚོ་གཉིས་གྲོང་སྡེའི་ཞིང་པའི་སྤྲོ་སྐྱིད་ཁང་གི་ཚོང་དཔོན་ཞུས་ཡོན་གྱིས་སྤྲོ་གསེང་གཏོང་སར་འོངས་པའི་གྲོགས་པོ་ཚོ་སྣེ་ལེན་བྱེད་པར་བྲེལ་ནས། 2017ལོར་མཐའ་སྐོར་དུ་ཡོད་པའི་སྐྱེ་ཁམས་ཁོར་ཡུག་བཟང་པོར་བརྟེན་ནས་ཀུ་ཤུ་ལྡུམ་ར་འདི་ཞིང་ཆེན་རིམ་པའི་ནགས་ཚལ་བདེ་གསོའི་ཁྱིམ་གཞིས་སུ་བདམས་ཐོན་བྱུང་རྗེས་ཚོང་ལམ་ཉིན་བཞིན་ཇེ་ཡག་ཏུ་ཕྱིན་པ་རེད། ཟླ་བ་གོང་མར་ཁམ་བུའི་མེ་ཏོག་ལ་ལྟ་སར་ཡོང་མཁན་གྱི་འགྲུལ་པ་ཧ་ཅང་མང་བས། གཟའ་འཁོར་རེར་ཡོང་འབབ་སྒོ་ཁྲི་ཙམ་ཡོད་པས་ཕྱི་ཕྱོགས་སུ་གླ་རྒྱག་སར་འགྲོ་བ་ལས་ཆེས་དགའ་བ་རེད་ཅེས་བཤད།

   སྤྱི་ཟླ3པའི་མཇུག་ཏུ་སི་ཁྲོན་ཞིང་ཆེན་གྱི་ཚན་པ་གསུམ་པའི་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་རྡལ་ཆུང་ཆུང་གི་མིང་ཐོ་ཁྱབ་བསྒྲགས་བྱས་ནས། ཉག་ཆུ་རྫོང་མགོ་ལོག་ཤུལ་གྲོང་རྡལ་དང་། རྟའུ་རྫོང་གི་ཕར་ཕྱོགས་ཤང་། རོང་བྲག་རྫོང་གི་སྟོང་དགུ་ཤང་བཅས་དེའི་གྲས་སུ་མིང་ཐོ་ཡོད་པ་རེད།

   དཔལ་ཡུལ་རྫོང་ནགས་ལས་སྡེ་ཁག་གིས་ཚོང་རར་དམིགས་ཤིང་། བྱེད་ཐབས་སྣ་མང་དང་། ཆགས་ཚུལ་ལེགས་སྒྲིག གཙོ་ཁྲིད་ཁེ་ལས་གསོ་སྤེལ་བཅས་བྱས་ནས། ནུས་ཤུགས་གང་ཡོད་ཀྱིས་ཚ་ཆེན་སུམ་མདོའི་ཁྱད་རྟགས་གྲགས་ཅན་གྱི་ཐོན་རྫས་འཛུགས་སྐྱོང་བྱས་ནས་ཚ་ཆེན་སུམ་མདོའི་བོད་ཕག་དང་། བོད་བྱ། བོད་བྱའི་སྒོ་ང་། ཤ་མོ་རིགས་སོགས་ཀྱི་ཐོན་རྫས་དེ་དག་ས་ཁོངས་ཀྱི་ཁྱད་ཆོས་ལྡན་ལ་དགེ་མཚན་ལྡན་པའི་ཕུལ་བྱུང་གི་ཁྱད་རྟགས་གྲགས་ཅན་འཛུགས་སྐྱོང་བྱེད་གང་ཐུབ་བྱས་མཐར། 2016ལོར་ཚ་ཆེན་སུམ་མདོ་ལ་དཀར་མཛེས་ཁུལ་སྐབས་གསུམ་པའི་ཚོང་དོན་ཁྱབ་ཁོངས་ཀྱི་ཁྱད་རྟགས་གྲགས་ཅན་གྱི་མཚན་སྙན་ཐོབ་ཡོད། ཚ་ཆེན་སུམ་མདོའི་མཐོ་སྒང་རི་སྐྱེས་ཤ་མོ་རིགས་ཀྱི་ཐོན་རྫས་དེ2016ལོའི་ཟླ་བ9པར་སྐབས་དང་པོའི་གནས་མཆོག་དཀར་མཛེས་ཀྱི་མིང་གྲགས་ལྡན་པའི་ཐོན་རྫས་གྲགས་ཅན10ཡི་གྲས་སུ་ཚུད་ནས།ལོ་དེར་ཚ་ཆེན་སུམ་མདོ་མགྲོན་ཁང་གི་སྐྱེ་ཁམས་ཡུལ་སྐོར་ཐད་མ་དངུལ་སྒོར་ཁྲི930མངོན་འགྱུར་བྱུང་ཡོད་པ་རེད།

   དར་མདོ་གྲོང་ཁྱེར་དཔའ་སྲེག་རོང་ཤང་དུ་ཆགས་པའི་པད་མ་མཚོའི་རྒྱལ་ཁབ་ནགས་ཚལ་གླིང་ག་དེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་སྦྲགས། འགྲུལ་པ་ཉིན་བཞིན་ཇེ་མང་དུ་ཕྱིན་ནས་པད་མ་མཚོའི་གླིང་ག་ཡིས་ལོ་རེར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི50ལྷག་རག་ནས་ཡུལ་དེའི་གྲོང་མིའི་ཡོང་འབབ་ལོ་རེར་སྒོ་ཁྲི་བརྒྱ་ཙམ་རག་ཐུབ་པ་རེད།

   འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བྱས་པར་གཞིགས་ན། ཁུལ་ཡོངས་ཀྱི་ཤིང་ནགས་ཐོན་ལས་མིན་པའི་ཡོང་འབབ1998ལོའི་སྒོར་དུང་ཕྱུར0.99ནས2018ལོའི་སྒོར་དུང་ཕྱུར50.93གྱི་ཐོག་འཕར་ནས་སྒོར་དུང་ཕྱུར49.94འཕར་བ་རེད། ནགས་ཚལ་གྱི་ཡུལ་སྐོར་ཡོང་འབབ1998ལོའི་སྒོར་དུང་ཕྱུར1.05ནས2018ལོའི་སྒོར་དུང་ཕྱུར15.71གི་ཐོག་འཕར་ནས་སྒོར་དུང་ཕྱུར14.66འཕར་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1