གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༡༧ཉིན།

ཕ་རི་སིའི་འཕགས་མ་ལྷ་ཁང་ལ་མེ་སྐྱོན་བྱུང་བ།

        ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་འཕགས་མ་ལྷ་ཁང་ལ་སྤྱི་ཚེས15ཉིན་གྱི་ས་སྲོས་མེ་སྐྱོན་ཆེན་པོ་བྱུང་ནས། ཕ་རི་སིའི་འཕགས་མ་ལྷ་ཁང་གི་མཆོད་རྟེན་རྩེ་འགྱེལ་བ་དང་། ཁང་པར་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་རེད། མིག་སྔའི་བར་མི་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད།

        ཧྥ་རན་སིའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། མེ་ཆེན་པོ་དེ་ཕ་རི་སིའི་འཕགས་མ་ལྷ་ཁང་གི་ཡང་སྟེང་ནས་མཆེད་པ་དང་། དེ་ནས་མགྱོགས་མྱུར་ངང་མེ་གང་སར་མཆེད་ཡོད། མེ་རླབས་ཆེན་པོ་དེ་མཆོད་ཁང་གི་ཅོང་ཁང་གཉིས་ཀྱི་བར་ནས་མཆེད་ཅིང་། མཆོད་རྟེན་གྱི་རྩེ་མོ་དེ་འཕྲལ་འགྱེལ་ཡོད་པ་རེད། རོགས་སྐྱོབ་ནང་ཞུགས་པའི་མེ་གསོད་མི་སྣས་བཤད་པར་གཞིགས་ན། མེ་སྐྱོན་དེ་ཕ་རི་སིའི་འཕགས་མ་ལྷ་ཁང་གི་ཉམས་བཟོ་དང་འབྲེལ་བ་ཡོད་བཟོ་ཡོད་པ་རེད།
        ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་ཙུང་ལི་ཕེ་ལི་ཧྥུ་དེ་འཕྲལ་མེ་ཤོར་སར་འབྱོར་བ་དང་། མ་ཁེ་ལུང་གིས། ཕ་རི་སིའི་འཕགས་མ་ལྷ་ཁང་ལ་མེ་སྐྱོན་བྱུང་བ་དེས། རྒྱལ་ཁབ་ཧྲིལ་པོ་སྡུག་བསྔལ་གྱི་ཁྲོད་དུ་ལྷུང་ཡོད་ཅེས་གསུངས་འདུག
        དབྱིན་ཇི་དང་། ལྗར་མན། ཨ་རི་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་ནས་ཀྱང་ཉིན་དེར་ཕ་རི་སིའི་འཕགས་མ་ལྷ་ཁང་ལ་མེ་སྐྱོན་བྱུང་བའི་ཐད་དོ་ཁུར་བྱེད་བཞིན་ཡོད་ཅེས་གསུངས་པ་དང་། ལྗར་མན་གྱི་ཙུང་ལི་མོ་ཁེར་གྱིས་སྤྱི་འབྲེལ་སྨྱན་སྦྱོར་ཐོག ཕ་རི་སིའི་འཕགས་མ་ལྷ་ཁང་ལ་མེ་སྐྱོན་བྱུང་བ་ནི་མི་རྣམས་སེམས་སྐྱོ་བ་ཞིག་རེད། དེ་ནི་ཧྥ་རན་སི་དང་ཡོ་རོབ་རིག་གནས་ཀྱི་མཚོན་རྟགས་ཡིན་ཞེས་གསུངས་འདུག

        ཕ་རི་སིའི་འཕགས་མ་ལྷ་ཁང་ནི་ཀེ་ཐེ་ལུགས་ཀྱི་བསྐྲུན་དངོས་ཤིག་ཡིན་པ་དང་། གང་དེ་ཕ་རི་སིའི་གྲོང་ཁྱེར་ལྟེ་གནས་ཀྱི་སད་རྣ་ཆུ་བོའི་འགྲམ་དུ་གནས་པ་དང་། ཐོག་མར་སྤྱི་ལོ1163ལོར་བསྐྲུན་འགོ་ཚུགས་པ་དང་། སྤྱི་ལོ1345ལོར་སྐྲུན་ཚར་བ་རེད། ཕ་རི་སིའི་ཚབ་མཚོན་རང་བཞིན་ལྡན་པའི་གནའ་ཤུལ་ཞིག་ཡིན་པའི་ཆ་ནས། ཕ་རི་སིའི་འཕགས་མ་ལྷ་ཁང་ནི་རྩོམ་པ་པོ་གྲགས་ཅན་ཡུད་ཀོ་ཡིས་བརྩམས་པའི་བརྩམས་སྒྲུང་༼ ཕ་རི་སིའི་འཕགས་མ་ལྷ་ཁང་༽ཞེས་པ་དེའི་རྐྱེན་གྱིས་སྙན་པའི་གྲགས་པ་འཛམ་གླིང་ལ་ཁྱབ་པ་དང་། ལོ་ལྟར་མི་ཐེངས་ཁྲི1300གནས་དེར་ཡུལ་སྐོར་དུ་སླེབས་ཀྱི་ཡོད་པ་རེད།





 
 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1