གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

དཔལ་ཆེན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༢༧ཉིན།

༄༅།། བོད་ཀྱི་སྲོལ་རྒྱུན་རྩིས་ལེན་བྱེད་སྟངས་དང་དེའི་དབྱེ་བའི་སྐོར་རགས་ཙམ་བཤད་པ།

 དཔལ་ཆེན་རྡོ་རྗེ།

          [ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་མི་རིགས་གཞན་ལྟར་བོད་མི་རིགས་ཀྱིས་ཀྱང་ཐོག་མར་བྲག་ཕུག་ལ་གནས་བཅའ་བ་དང་། དེ་ནས་རྡོ་རྩུབ་མོ་བརྡར་ནས་མེ་ལེན་པའི་དུས་ནས་འགོ་བཙུགས་ཏེ་རིམ་བཞིན་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་སྟབས་བདེ་ཞིང་ཆེས་རྨང་གཞིར་གྱུར་བའི་ཐོག་མའི་རྩིས་ལེན་གྱི་རིག་པ་དང་ཤེས་བྱ་མང་པོ་ཞིག་གསར་སྐྲུན་དང་སྤྱི་བསྡོམས་བྱེད་ཚུལ་དང་། དངོས་པོའི་མང་ཉུང་དང་གྲངས་ཀའི་དབྱེ་བ། འཇུག་གནས་གྲངས་དང་ཚད་འཇལ་རྩིས་གཞི། གནམ་དཔྱད་སྐར་རྩིས་དང་དབྱིབས་ཀྱི་རིག་པ་སོགས་བོད་རང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཤིག་སྐྲུན་ཚུལ་རགས་ཙམ་བརྗོད་ཡོད།
          [བརྡ་ཆད་གཙོ་བོ།]སྲོལ་རྒྱུན། རྩིས་ལེན། དབྱེ་བ།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G03[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)02-115 -07  
          བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཆུ་རྒྱུན་རིང་མོར་ཡུན་རིང་འཕོ་འགྱུར་དར་འཕེལ་བྱུང་བའི་བརྒྱུད་རིམ་ཁྲོད་རིམ་གྱིས་ཆགས་པ་ཞིག་ཡིན་པས། དེ་ལྟ་བུའི་རིག་གནས་ཀྱི་རྒྱུན་ལས་འཕྲོས་པའི་སྲོལ་རྒྱུན་རྩིས་ལེན་གྱི་རིམ་པ་དང་གྲངས་ཀའི་ངོས་འཛིན་གྱི་རིག་པ་ལའང་རང་རང་སོ་སོའི་བྱུང་འཕེལ་ལོ་རྒྱུས་ཤིག་མཆིས། དེ་ཡང་གདོད་མའི་བྲག་ཕུག་ལ་གནས་བཅའ་བ་དང་རྡོ་རྩུབ་མོ་བརྡར་ནས་མེ་ལེན་པའི་དུས་རབས་ནས་བཟུང་རང་བྱུང་ཁམས་ངོས་འཛིན་པའི་ལག་ལེན་ཁྲོད་མིའི་ལུས་ཀྱི་རྣམ་འགྱུར་དང་ལག་པའི་བརྡ་ཡིས་ཕན་ཚུན་གོ་བརྡ་སྤྲོད་པ་ཙམ་ལ་འདོད་བློ་མ་ཚིམས་པས། ཁོང་ཚོས་ཕྱིའི་ཁོར་ཡུག་གི་སྣང་བརྙན་གཟུགས་ཅན་པར་བརྟེན་ནས་བསམ་གཞིག་འཕེལ་རིམ་གྱི་སྤྱི་མཚན་རང་བཞིན་མངོན་པར་མཚོན་ཆེད་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་དཔལ་འབྱོར་སྒྲིག་གཞི་དང་བསམ་བློའི་འདོད་ཚུལ་སོ་སོར་དམིགས་ནས་གྲངས་ཀྱི་བརྡ་རྟགས་དང་རྩིས་ཀྱི་རིག་པའི་ཤེས་རིག་ཐུན་མོང་བ་ཞིག་གསར་གཏོད་བྱས་ཡོད། ལོ་རྒྱུས་ཀྱི་དུས་ཡུན་རིང་མོ་དེར་ཞིབ་ཏུ་བརྟགས་ན། གནའ་བོའི་རྡོ་ཆས་རྙིང་མའི་དུས་སྐབས་ནས་མི་རྣམས་ཀྱིས་རི་དྭགས་བརྔོན་པ་དང་མ་རྨོས་པའི་ལོ་ཏོག་འཐུ་བ་སོགས་ཀྱི་བྱ་གཞག་ཁྲོད་རིམ་བཞིན་གྲངས་ཀྱི་དགོས་མཁོ་བྱུང་བར་མངོན། དེ་ཡང་ཐོག་མར་“ཡོད་པ་”དང་“མེད་པ་”ངོས་བཟུང་བ་དང་། དེ་ནས་རིམ་བཞིན་དངོས་པོ་རིགས་གཅིག་དང་རིགས་གཉིས། རིགས་དུ་མ་ཡོད་པར་ངོས་འཛིན་བྱས་པས་རིམ་བཞིན་“གཅིག་”དང་“གཉིས་”ཀྱི་ངོས་འཛིན་ཐོབ་ཀྱང་། གསུམ་ནི་“རགས་རིམ་”དང་“མང་པོ་”ཞེས་པས་མཚོན་པས། དེ་ནི་གདོད་མའི་གྲངས་ཀྱི་རྩིས་ལེན་བྱེད་སྟངས་ཀྱི་རྣམ་པ་ཙམ་དང་། དེ་ནས་འཚོ་བའི་དགོས་མཁོ་ཇེ་ཆེར་སོང་བ་དང་བསྟུན་གནའ་བོའི་མི་རྣམས་ཀྱིས་འདུས་སྡོད་ཁོར་ཡུག་ནང་དུ་དངོས་པོ་ཕན་ཚུན་བསྡུར་བ་ལས་དངོས་པོའི་མང་ཉུང་འབྱེད་པའི་ཐབས་ལམ་ཤེས་ནས་“མང་པོ་”དང་“ཉུང་བ་”མང་ཉུང་མེད་”པའི་དོན་སྤྱི་བྱུང་བ་དང་། དེ་ཡང་འཚོ་བའི་ནང་ཡང་བསྐྱར་ཞིབ་བསྡུར་དང་དབྱེ་ཞིབ་བྱས་པའི་ལག་ལེན་གྱི་དགོས་མཁོ་ལས་“མང་པོ་”ལའང་ངོས་འཇིན་ཐོབ་ནས་རང་བྱུང་གྲངས་ཀྱི་དོན་སྤྱི་ཙམ་ཞིག་གྲུབ་འགོ་བརྩམས་ཤིང་། ཐོན་སྐྱེད་སྣ་མང་ཅན་དུ་གྱུར་བ་དང་བསྟུན་མི་རྣམས་ཀྱིས་རིམ་བཞིན་རང་ཉིད་ཀྱི་མཛུབ་མོ་དང་ཁོར་ཡུག་གི་དངོས་པོ་(ཐི་གུ་དང་ཤིང་རྡོ་ལྟ་བུ་)ལ་བརྟེན་ནས་མིང་མེད་པའི་གྲངས་ཀ་མཚོན་ཐབས་བྱས། དེ་ལྟར་དུས་ཡུན་རིང་པོ་འདས་རྗེས་རིམ་བཞིན་གྲངས་དང་དངོས་པོ་སོ་སོར་ཕྱེ་ནས་གྲངས་ཀྱི་མིང་ཚིག་བྱུང་། ཡི་གེ་བྱུང་བ་ནས་བཟུང་གྲངས་ཀའི་མཚོན་བྱེད་ཀྱང་མིའི་བྱད་གཟུགས་ཀྱི་ཡན་ལག་སྤྱད་དེ་མགོ་བོའི་སྤྱི་གཙུག་གི་དབྱིབས་འདྲ་བ་(༡)དེ་ལ་གཅིག་དང་། སྤྱི་གཙུག་གི་དབྱིབས་དེར་དཔྲལ་བའི་སྒོར་གཅིག་འཐེན་པ་འདྲ་བ་(༢)དེ་ལ་གཉིས། དཔྲལ་སྒོར་མིག་གི་དབྱིབས་འདྲ་གཅིག་འཐེན་པ་འདྲ་བ་(༣)དེ་ལ་གསུམ་དང་། རྣ་བའི་དབྱིབས་འདྲ་བ་(༤﹚བྲིས་པ་དེ་ལ་བཞི། སྣ་ཁུག་དབྱིབས་འདྲ་བ་(༥)བྲིས་པ་དེ་ལ་ལྔ། ཁའི་དབྱིབས་འདྲ་བ་(༦)བྲིས་པ་དེ་ལ་ལན་མོ་དྲུག་ཟེར། མ་ནེའི་དབྱིབས་འདྲ་བ་(༧)བྲིས་པ་དེ་ལ་བདུན། སྐེའི་དབྱིབས་འདྲ་བ་(༨)བྲིས་པ་དེ་ལ་བརྒྱད།མཇུག་མའམ་ཕོ་མཚན་གྱི་དབྱིབས་འདྲ་བ་(༩)བྲིས་པ་དེ་ལ་མཁས་པ་དགུ་ཟེར་བ་བཅས། སྤྱི་ཚོགས་རིག་པ་ནས་བལྟས་ནའང་། མི་རྣམས་ཀྱི་ཤེས་རྟོགས་རིག་པ་ཡང་དམའ་རིམ་ནས་མཐོ་རིམ་ལ་འཕེལ་ཡོད་པས། རགས་པ་ནས་ཞིབ་མོ་དང་ཁ་གསལ་ནས་གཏིང་ཟབ། ཕྱོགས་རེ་བ་ནས་ཆ་ཚང་དུ་ཕྱོགས་པའི་བསམ་བློ་ཞིག་རིམ་གྱིས་གྲུབ་པ་དང་བསྟུན་རི་མོའི་བརྡ་རྟགས་ཀྱིས་མངོན་པར་མཚོན་པའི་རྨང་གཞིའི་སྟེང་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ། ས་ཡ་བྱེ་བ་དུང་ཕྱུར་བཅས་རྐྱང་པའི་གནས་དགུ་དང་། ཐེར་འབུམ་ཁྲག་ཁྲིག་ལ་སོགས་པ་ཁུག་པའི་གནས་བཅས་ཁྱོན་བསྡོམས་གྲངས་གནས་དྲུག་ཅུར་དབྱེ་བས་གྲངས་ཀར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེས་བོད་ཀྱི་མི་ཆོས་ཀུན་སྤྱོད་ལྟ་བ་དང་རིན་ཐང་ལྟ་བ། སྤྱི་ཚོགས་ལྟ་བ་ལ་སོགས་པའི་རྣམ་པ་དང་ཁྱད་ཆོས་ཀྱང་མངོན་པར་མཚོན་པས། དེ་ནི་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་ཐོན་སྐྱེད་དང་འཚོ་བའི་ཉམས་མྱོང་གི་ཕྱོགས་བསྡོམས་ཤིག་ཡིན་པ་མ་ཟད།སྲིད་པ་ཆགས་གླུ་དང་ཨ་དགུ་ཆ་དགུ་ལ་སོགས་པའི་གཏམ་དཔེ་ཕལ་མོ་ཆེར་རྩོམ་པ་པོ་ངེས་ཅན་ཞིག་མེད་ནའང་གྲངས་དང་རྩིས་ལེན་གྱི་རིམ་པ་ཞིག་གིས་ཕྱི་རོལ་འཇིག་རྟེན་གྱི་འཚོ་བར་ཕྱོགས་བསྡོམས་བྱས་ཡོད་པ་དེས་མི་རྣམས་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་མཛུབ་ཁྲིད་ཀྱི་ནུས་པ་འགངས་ཆེན་འདོན་སྤེལ་བྱས་ཡོད།   
          བཙན་པོའི་རྒྱལ་རབས་ཡར་སྔོན་གྱི་བོད་མི་རིགས་ཀྱི་འཚོ་གནས་བྱེད་སྟངས་ཏེ། ལོ་ཏོག་རྨོ་འདེབས་དང་། ཕྱུགས་ཟོག་འཚོ་སྐྱོང། ཚོང་ཟོག་བརྗེ་རེས།  དཔལ་འབྱོར་ལམ་ལུགས། ཉམས་མྱོང་བསྡུ་ལེན། སྐད་ཆའི་གོ་བརྡ། གྲངས་རྩིས་ལེན་སྟངས་སོགས་ཀྱི་འཚོ་ཐབས་སྣ་ཚོགས་པ་ནི་རང་ཉིད་འཚོ་སྡོད་བྱ་ཡུལ་གྱི་ཁོར་ཡུག་དང་བསྟུན་ནས་ལག་ལེན་མང་པོ་བརྒྱུད་ཅིང་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པས།  འཚོ་གནས་ཁོར་ཡུག་གི་ཐུན་མིན་གོམས་གཤིས་དང་བསམ་གཞིག་བྱ་ཡུལ་གྱི་བྱ་དངོས་གང་ཞིག་ཡིན་རུང་ཚང་མ་ས་གནས་དེའི་ཁོར་ཡུག་གི་ཡུལ་དུས་རྣམ་པ་དང་ཆོས་ཉིད་ལྟར་གྲུབ་ཡོད་པ། ཇི་སྐད་དུ། “ཡུལ་ལ་སོགས་པའི་ཁྱད་པར་ལས། །རྫས་ལ་ནུས་པ་ཐ་དད་འབྱུང་།།”ཞེས་པ་ལྟར། མདོར་ན། ལས་ལ་བརྩོན་ཞིང་ཤེས་རིག་ལྡན་པའི་བོད་མི་རིགས་ཀྱིས་འབྱུང་བའི་ཁམས་དང་དུས་བཞིའི་དབྱེ་བ་དང་བསྟུན་ནས་དངོས་གཟུགས་ཐམས་ཅད་ཀྱི་འགྱུར་ལྡོག་གི་རྣམ་པ་དང་ཁྱད་ཆོས་ལྟར། ཡོད་མེད་མང་ཉུང་དང་ཆད་ལྷག་ཕྲ་རགས་སོགས་ཀྱི་དབྱེ་བའི་རྣམ་གཞག་རྩིས་ཀྱི་གོ་དོན་དང་། གནམ་གྱི་སྐར་མ་ལ་བརྟག་པའི་རྩིས། བར་སྣང་གི་སྤྲིན་དང་རླུང་ལ་བརྟག་པའི་རྩིས། བྱ་དང་ཤིང་ལ་བརྟག་པའི་རྩིས། མཚོ་དང་ཆབ་རོམ་ལ་བརྟག་པའི་རྩིས། ལོ་གཅིག་ལ་དབང་བའི་ལོ་ཟླ་ཞག་དུས་ཀྱི་འབྱུང་ཁམས་དང་། སྨེ་བ་སྤར་ཁ་དང་། འབྱུང་བའི་ཁམས་དང་འབྲེལ་བའི་ལོ་འཁོར་བཅུ་གཉིས། ནམ་ཟླ་བཞི། གཟའ་སྐར་གྱི་གནས་སྟངས་སོགས་དང་། ནམ་རྒྱུན་ཚེ་རབས་ལས་རྩིས་ཞེས་སུ་གྲགས་པ་སྟེ། སུ་ཞིག་སྐྱེ་དུས་ཀྱི་ཟླ་ཞག་དུས་ཀྱི་འབྱུང་ཁམས་སོ་སོའི་གནས་ལུགས་དེ་ལ་བརྟེན་ནས་ཚེ་འདིར་ལེགས་ཉེས་ཀྱི་རྐྱེན་ཅི་དང་ཅི་ཞིག་ཡོད་པ་དང་། གལ་ཏེ་མི་མཐུན་པའི་རྐྱེན་འགའ་ཞིག་ཡོད་པ་མངོན་དུ་གྱུར་ན་དེ་ལས་གྲོལ་ཐབས་ཅི་དང་ཅི་ཞིག་དགོས་ཚུལ་སྟོན་པའི་རྩིས་སོགས། སྣང་བ་རྟེན་འབྲེལ་ཆོས་ཉིད་ཀྱི་གྲངས་ཀའི་སྣོན་འཐེན་དང་འཕེལ་འགྲིབ་རྩིས་ལེན་གྱིས་དབྱེ་བ་འབྱེད་པའི་རིགས་ལམ་ཕྲ་ཞིང་ཕྲ་བ་ཇི་སྙེད་ཅིག་གསར་གཏོད་བྱས་ཡོད་ཅིང་། དེ་དག་ཀྱང་གནའ་ནས་ད་བར་དུ་སྤྱོད་སྒོ་ཤིན་ཏུ་ཡངས་པ་མཆིས་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རོ།   
          དང་པོ། ཚད་འཇལ་བའི་རྩིས་ལེན་རིམ་པའི་གོ་དོན་དང་ལག་ལེན།   
          གཅིག རྩིས་ལེན་གྱི་རིམ་པ།   
          ༡ གཞི་གྲངས་ཆགས་རིམ་དང་དེའི་རྩིས་ལེན་ཚུལ།   
          བོད་པའི་སྲོལ་རྒྱུན་གྱི་གྲངས་ཀའི་འདུ་ཤེས་ཁྲོད་དུ་གཞི་གྲངས་མིང་ལ་མང་པོ་དང་རྫོགས་མེད་དང་སྟོང་པའམ་གཅིག་ཀྱང་མེད་པ་ཞེས་པའི་བཤད་སྲོལ་ཡོད་ལ། ས་ཁུལ་ཁ་ཤས་སུ་དེང་དུས་བཤད་པའི་རང་བྱུང་གྲངས་ཙམ་ངོས་བཟུང་སྟེ་འདོར་ལེན་གྱི་དབྱེ་བ་དང་མང་ཉུང་གི་ཁྱད་པར་ཕྱེ་སྟེ་རྩིས་ལེན་བྱེད་སྟངས་ཀྱང་ཡོད། ཕྱིས་རང་གི་ཁྱད་ཆོས་དེའི་སྟེང་ཉེ་འབྲེལ་མི་རིགས་གཞན་དང་ལྷག་པར་ཏུ་ཧི་མ་ལའི་རི་རྒྱུད་ཀྱི་ལྷོ་ཕྱོགས་རྒྱ་གར་བའི་རིག་གནས་ཀྱི་ཤན་ཞུགས་ཆེན་པོ་ཐེབས་ཡོད། ཁོ་ཚོས་ཆེས་མཐོ་བའམ་ཡང་ན་མང་པོ་ཞིག་ཐོ་འགོད་བྱེད་པའི་སྐབས་སུ་“མང་པོ་”ཞེས་པའི་ཚིག་གིས་མཚོན་པར་བྱེད་ལ། གྲངས་བཅུ་ཡན་ཀློག་འདོན་བྱེད་སྐབས་གཅིག་གནས་གྲངས་དང་བཅུ་གནས་གྲངས་བསྡེབས་ནས་ཀློག་པའི་སྒྲ་གདངས་ཤིག་ངང་གིས་གྲུབ་ཡོད། གྲངས་ཐོ་འགོད་སྐབས་སུ་གཙོ་བོ་གཤམ་གྱི་ཐབས་ཤེས་དག་སྤྱད་ཡོད་དེ། གཅིག་ནས་དངོས་པོས་གྲངས་ཐོ་ལེན་པའི་སྲོལ་ཞིག་དར་ཡོད་པ་ནི། རྔོན་ཡོང་བའི་རི་དྭགས་ཀྱི་མགོ་སྐོགས་གྱང་ངོས་སུ་བཀལ་ནས་དེ་གཅིག་གིས་རི་དྭགས་གཅིག་མཚོན་པ་དང་མགོ་སྐོགས་ཀྱི་གྲངས་ཇི་ཙམ་ཡོད་པ་དེས་རི་དྭགས་བརྔོན་པའི་གྲངས་དེ་ཙམ་མཚོན་ཀྱིན་ཡོད་པ་དེ་ཡིན། གཉིས་སུ་རྡེའུ་འམ་དབྱུག་གུས་གྲངས་ལེན་པ་སྟེ། སྤྱིར་བཏང་དུ་ཕྱུགས་ཟོག་གི་མང་ཉུང་ལྟར་རྡེའུ་དང་ཡང་ན་དབྱུག་གུ་ངོས་བཟུང་ནས་གལ་ཏེ་ཕྱུགས་ཟོག་ཇེ་མང་དང་ཡང་ན་ཇེ་ཉུང་དུ་སོང་ན་རྡེའུ་དང་ཡང་ན་དབྱུག་གུ་ཡང་དེ་བཞིན་སྣོན་པའམ་འཕྲི་བར་བྱེད་པ་ཡིན། ཕྱུགས་ཟོག་ཁ་གྲངས་ཅུང་ཉུང་བའི་སྐབས་སུ་ལག་པ་དང་རྐང་པའི་མཛུབ་མོས་གྲངས་རྩིས་ལེན་པ་དང་། ཡང་ན་ཐག་པའི་སྟེང་མདུད་པ་བརྒྱབ་ནས་དེའི་ཁ་གྲངས་ཀྱི་ངོས་ནས་མང་ཉུང་ཐག་གཅོད་པ་ཡིན།གསུམ་དུ་གྱང་ངོས་དང་རྡོ་ལེབ་སྟེང་དུ་རྟགས་བརྒྱབ་ནས་གྲངས་རྩིས་ལེན་པ་ཡིན། སྐབས་དེར་མཚོན་ན་སྣོན་པའམ་འཕྲི་བའི་རྩིས་རྒྱག་གི་རིམ་པ་ཞིག་དར་ཡོད་མོད། སྒྱུར་རྩིས་དང་བགོས་རྩིས་ཀྱི་བསམ་བློའི་རིམ་པ་ཞིག་ད་དུང་དར་ཐུབ་མེད། གལ་ཏེ་སྒྱུར་རྩིས་དང་བགོས་རྩིས་ཀྱི་གནད་དོན་འཕྲད་ཚེ་བསྣོན་བྱའི་གྲངས་དང་སྣོན་བྱེད་ཀྱི་གྲངས་སམ་ཡང་ན་འཕྲི་བའི་གྲངས་དང་ཕྲི་བྱེད་ཀྱི་གྲངས་རེ་རེ་སྣོན་པའམ་ཡང་ན་འཕྲི་ནས་དེའི་བསྡོམས་ཐོབ་དང་ལྷག་མའི་གྲངས་ཀྱིས་བསགས་གྲངས་དང་བགོས་ཐོབ་མཚོན་པར་བྱེད་པ་ཡིན། དཔེར་ན་ཕྱུགས་ཟོག་སུམ་བརྒྱ་ཁྱིམ་བཅུ་གསུམ་ལ་ཆ་སྙོམས་ལྟར་བགོ་བཤའ་བྱེད་སྐབས། ཁོ་ཚོས་༣༠༠ལས་གྲངས་ངེས་ཅན་ཞིག་འཐེན་ནས་ཕལ་ཆེར་དེ་འདྲ་རེད་སྙམ་པའི་འཕྲི་ལྷག་གྲངས་ཀྱི་སྐབས་སུ་མཚམས་འཇོག་པར་བྱེད། དེ་ནས་ཡང་ལྷག་མའི་གྲངས་ལས་འགོ་བརྩམས་ནས་ཆ་སྙོམས་ལྟར་ཁྱིམ་༡༣ལ་བགོ་བ་ཡིན། བགོ་སྐལ་ཚང་མ་ཆ་སྙོམས་ཡིན་པའི་ངེས་པ་མེད། སྐབས་དེར་གཞི་གྲངས་༡༠ནི་ཆེས་རྩ་བའི་རྨང་གཞི་ཡིན་པས་ཐོན་སྐྱེད་རྒྱུ་ཆ་དང་དཔལ་འབྱོར་བགོ་བཤའ་བྱེད་སྐབས་གྲངས་ཀ་༡༠ནི་ཆེས་ཆེ་བ་ཡིན་ལ། དེ་ལས་ལྷག་མ་ཞིག་ཡོད་ན་དངོས་པོ་དང་དངོས་པོ་ཕན་ཚུན་བརྗེ་རེས་བྱེད་པའམ་ཚབ་ཏུ་འཇོག་པ་ཡིན་པས། དེ་ལས་འཚོ་གནས་ཁོར་ཡུག་གི་ཡུལ་སྲོལ་གོམས་གཤིས་དང་ལག་ལེན་མྱོང་བ་ལས་བྱུང་བའི་བསམ་གཞིག་གི་འཕེལ་རིམ་དེ་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་རྟོགས་ཐུབ།   
          ༢ རིམ་གྲངས་རྣམ་པ་དང་དེའི་མཚོན་ཚུལ།   
          གནའ་བོའི་བོད་མི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་གཞི་གྲངས་བེད་སྤྱོད་བྱེད་པ་ལས་གཞན་ད་དུང་མགོའམ་གོང་དང་ཐོག་མ་ཞེས་པས་རིམ་པ་དང་པོ་མཚོན་ཞིང་། བར་དང་བར་མཚམས་ཞེས་པས་གོང་ནས་མཇུག་གམ་མཇུག་ནས་གོང་བར་གྱི་རིམ་པ་གཉིས་པ་མཚོན་ལ། མཇུག་གམ་འོག་དང་ཐ་མ་ཞེས་པས་ཆེས་མཇུག་གམ་རིམ་པ་གསུམ་པ་མཚོན་ཡོད་པ་དེ་དག་ནི་དུས་ད་ལྟའི་བར་དུ་རྒྱུན་སྤྱོད་བྱེད་བཞིན་པ་ཀུན་གྱི་མཐོང་ཆོས་སོ།   
          ༣ འཇུག་ལྡོག་གྲངས་ཀྱི་མཚོན་ཚུལ།   
          སྐབས་དེར་མཚོན་ན་འཇུག་ལྡོག་གྲངས་ཞེས་པའི་མིང་བརྡ་དངོས་སུ་མེད་ནའང་དེ་འབྲེལ་གྱི་བསམ་བློའི་རིམ་པ་ཞིག་རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཡོད་པ་ནི་དཔེར་ན། །↑༦འདིས་༦ཡར་འཕེལ་བའམ་ཐོབ་པ་དང་ཡང་ན་ལྷག་མ་ཞིག་ཡོད་པར་མཚོན་ཞིང། ↓ ༣འདིས་༣མར་འགྲིབ་པའམ་མེད་པ་དང་ཡང་ན་མི་འདང་བ་མཚོན་པ་ཡིན། སྐབས་དེར་ཡར་འགྲོ་བ་དང་མར་འབེབས་པ་ཞེས་རྟགས་ཤིག་གིས་མཚོན་ཟེར་ཡང་དོན་དངོས་སུ་རྟགས་གང་འདྲ་ཞིག་ཡིན་པ་གསལ་ཆ་མི་འདུག གཞན་ཡང་སྐབས་དེ་ཤེད་དུ་དུ་ཆའི་དུའམ་ཆ་ཤས་ག་ཚོད་ཀྱི་དཔྱ་ག་ཚོད་ཅེས་པའི་གྲངས་ཆ་མཚོན་ཚུལ་ཞིག་མེད་མོད། འོན་ཀྱང་ཕྱེད་ཀའམ་མང་ཉུང་མེད་ཅེས་པས་༡/༢མཚོན་པ་དང་ཡང་ཕྱེད་ཀ་ཙམ་ཡང་མི་འདང་ཞེས་པས་༡/༣ཙམ་མམ་དེ་འདྲའི་ཉེ་འབྲེལ་གྱི་གྲངས་ཤིག་མཚོན་ལ། ཕལ་ཆེར་གང་ཙམ་ཡོད་པ་དང་མང་པོ་ཞིག་མི་དགོས་ཞེས་པས་༣/༤མཚོན་ཀྱི་ཡོད།      
          གཉིས། ཚད་འཇལ་རྩིས་གཞིའི་གོ་དོན་དང་མཚོན་ཚུལ།   
          ༡ རིང་ཚད་འཇལ་བའི་ཐབས།   
          བོད་མི་རིགས་ལ་མཚོན་ན་རང་ཉིད་འཚོ་སྡོད་བྱ་ཡུལ་ཁོར་ཡུག་དང་ཁྱིམ་གཞིའི་འཚོ་བའི་ལག་ལེན་ཁྲོད་དུ་བལ་ཐག་ལ་སོགས་པས་རིང་ཚད་འཇལ་བའི་ཚད་ངེས་ཅན་རེ་གཏན་འཁེལ་ཡོད་པ་མ་ཟད། ལུས་སྟེང་གི་ལག་པ་དང་རྐང་པས་གཙོ་བྱས་པའི་ཚད་འཇལ་རྩིས་གཞིའི་རིམ་པ་ཞིག་ཡོད་དེ། ཚུན་དང་ཐོ།  སོར། འདོམ་པ། གོམ་པ་ཞེས་པའི་རྩིས་གཞི་ཞིག་གཏན་འཁེལ་ཡོད་པ་དང། ཁྲེ་ཙེ་དང་སྨིད། སྤྱི་ལེ་ཞེས་པའི་བརྡ་དང་ཐ་སྙད་སོགས་ཉེ་འབྲེལ་མི་རིགས་གཞན་ནས་ནང་འདྲེན་བྱས་པའང་ཡོད། ཚུན་ཞེས་པ་ནི་སོ་སོའི་མཐེ་བོང་གི་ཚིགས་བར་ནས་སེན་མོའི་རྩེ་བར་གྱི་རིང་ཚད་དང་། ཐོ་ནི་གཙོ་བོ་ལག་པའི་མཐེབ་རྒན་ནས་གོང་མཛུབ་བར་བརྐྱངས་པའི་ཚད་དང། སོར་ཞེས་པ་ནི་ལག་པའི་གོང་མཛུབ་ནས་མཛུབ་ཆུང་གི་བར་རིམ་པ་ལྟར་སྒྲིག་པའི་ཚད་དང། འདོམ་པ་ནི་ལག་པ་གཡས་གཡོན་གཉིས་དུས་མཉམ་དུ་བརྐྱངས་ནས་དཀྱིལ་མཛུབ་གཡས་གཡོན་གཉིས་ཀྱི་རྩེ་མོའི་བར་གྱི་ཚད་བཅས། མི་རེ་རེའི་གཟུགས་ལུས་དང་ལག་པའི་སོར་མོ་ཆེ་ཆུང་མི་འདྲ་བས་འཇལ་བའི་ཚད་ཀྱང་མི་འདྲ་སྟེ། གང་ལྟར་ཚུན་ལྔ་ཐོ་གང་། སོར་ཉེར་བཞི་འདོམ་གང་ཞེས་པའི་རྩིས་སྲོལ་ཡོད། གོམ་པས་འཇལ་བའི་ཚད་ནི་རྐང་པ་གཉིས་དུས་མཉམ་དུ་བརྐྱངས་ནས་རྐང་པ་སྔོན་མའི་ཕྱི་རྟིང་དང་རྗེས་མའི་སྔ་རྟིང་གི་བར་དུ་འཇོག་མོད། དེ་ནི་མི་སུ་ཡིན་ཡང་རིང་ཚད་ངེས་ཅན་ཞིག་གཏན་འཁེལ་བྱས་པའི་སྒོ་ནས་འཇོག་པ་ཞིག་ཡིན། གཞན་ཡང་ལག་པའི་སྦར་ཁྱིམ་ཞེས་སྦར་གྱིས་ཚད་འཇལ་ཞིག་ཀྱང་ཡོད་པ་དེ་ནི་གཙོ་བོ་སྦོམ་ཕྲ་དང་རིང་ཚད་འཇལ་བྱེད་གཉིས་ཀར་བེད་སྤྱོད་པ་ཡིན།   
          ༢ ཤོངས་ཚད་འཇལ་བའི་ཐབས།   
          ཤོངས་ཚད་འཇལ་བའི་ཚད་ལ་གཙོ་བོ་ཤིང་ཙེ་དང་ཕོར་པ། ཟོག་གི་གྲོད་པ་དང་ལག་པའི་སྦར་ཁྱིམ་སོགས་ཡོད་ལ། དེའང་གཙོ་བོ་ཞིང་ལས་དང་ཕྱུགས་ལས་གཉེར་བའི་འཚོ་བའི་གོམས་སྲོལ་ལྟར་འཇོག་པ་ཤས་ཆེ། ཤིང་ཙེ་དང་ཕོར་པ་སོགས་ནི་གཙོ་བོ་ཞིང་ལས་གཉེར་བའི་ས་ཁུལ་གྱི་འབྲུ་རིགས་དང་རྩམ་ཕྱེ་སོགས་ཀྱི་མང་ཉུང་འཇལ་བའི་རྩིས་ལེན་འཇལ་བྱེད་ཅིག་དང་། ཟོག་གི་གྲོད་པ་དང་ལག་པའི་སྦར་ཁྱིམ་སོགས་ནི་གཙོ་བོ་ཕྱུགས་ལས་གཉེར་བའི་ས་ཁུལ་དུ་མར་དང་ཕྱུར་བ་སོགས་དཀར་ཟས་ཀྱི་མང་ཉུང་འཇལ་བྱེད་དུ་བཀོལ་བ་ཤས་ཆེ་ལ།  ལག་པའི་སྦར་ཁྱིམ་གྱིས་ད་དུང་རྩམ་པ་བརྫིས་པའི་ཆངས་པའི་ཆེ་ཆུང་ཡང་མཚོན་པ་ཡིན།  
           ༣ རྒྱ་ཁྱོན་དང་ལྗིད་ཚད་འཇལ་བའི་ཐབས།   
          སྤྱིར་རྒྱ་ཁྱོན་ཞེས་པའི་ཚིག་ངོས་ལྟར་ན། དེ་ནི་རྒྱ་ཆེ་ཞིང་ཁྱོན་ཡངས་པའི་དོན་ནམ་དངོས་གཟུགས་གང་ཞིག་གི་ཁྱོན་ཡོངས་ཀྱི་ཆེ་ཆུང་དང་སྲབ་མཐུག་ཐམས་ཅད་འདུས་པའི་ཚད་འཇལ་རིམ་པ་ཞིག་ཡིན།  རང་རེའི་སྲོལ་རྒྱུན་དུ་དངོས་གཟུགས་བོངས་ཀྱི་ཆེ་ཆུང་ཞེས་པའི་ཐ་སྙད་ཅིག་ཡོད་ལ། གཙོ་བོ་དཀྱུས་དཔངས་ཞེང་བཅས་ཐོ་དང་འདོམ་གྱིས་འཇལ་བ་ཡིན། དེ་ཡང་རིང་ཐུང་ནི་གོམ་པས་འཇལ་ཞིང་། མཐོ་དམའ་ནི་འདོམ་གྱིས་འཇལ་ཞེས་པའི་བཤད་སྲོལ་ཞིག་ཀྱང་ཡོད། ད་ལྟ་བེད་སྤྱོད་བྱེད་བཞིན་པའི་ཟུར་གསུམ་མའི་རྒྱ་ཁྱོན་རྩིས་སྟངས་ཏེ། དཔངས་སྒྱུར་ཞབས་བགོས་གཉིས་དང་། གྲུ་བཞི་ནར་མོའི་རྒྱ་ཁྱོན་རྩིས་སྟངས་ཏེ། དཀྱུས་སྒྱུར་ཞེང་ཞེས་པ།སྨིད་རྒྱ་དཔངས་གྲུ་བཞི་མ་ལ་སོགས་པའི་རྩིས་སྲོལ་ཐམས་ཅད་ནི་གནའ་བོའི་ཀེ་རེ་སིའི་ཉི་ལོ་ཧི་ཆུ་བོའི་འགྲམ་རྒྱུད་ཀྱི་མིས་གསར་གཏོད་བྱས་ཤིང་། འཛམ་གླིང་ཀུན་གྱིས་ཁས་ལེན་ཐོག་ད་ལྟའི་བར་འཚོ་བའི་ནང་ལག་ལེན་ཁྱབ་བརྡལ་དུ་བསྟར་བཞིན་ཡོད། ལྗིད་ཚད་ནི་སྲང་ལ་འཇལ་བ་གཙོ་བོ་མ་ཡིན་པར་སྣོད་ཅིག་ཏུ་རྟགས་བརྒྱབ་ནས་རིམ་པ་བཞིན་དེའི་ཁ་གྲངས་བླངས་ནས་འཇལ་བའང་ཡོད།  
           ༤ ཚད་འཇལ་ཐབས་གཞན་དག་སྐོར།   
          རྒྱུན་ལྡན་འཚོ་བའི་ཁྲོད་དུ་ད་དུང་གང་དང་དོ། ཉག་མ། རྐང་། ཆ། ཡ། ཟུང་ལ་སོགས་པ་མང་པོ་ཞིག་ཞིང་འབྲོག་ས་ཁུལ་གང་ལ་མཚོན་ནའང་བེད་སྤྱོད་བྱས་དང་བྱེད་བཞིན་ཡོད་དེ། མང་ཉུང་མཚོན་བྱེད་དུ་དཔེར་ན། ཆང་དམ་བེ་གང་དང་དོ་ལྟ་བུས་ཆང་དམ་བེ་གཅིག་དང་གཉིས་མཚོན་པ་དང། རིང་ཐུང་དང་མཐོ་དམའ་འཇལ་བྱེད་དུ་དཔེར་ན།སོར་གང་དང་ཐོ་དོ་ལྟ་བུས་སོར་གཅིག་དང་ཐོ་གཉིས་མཚོན་པ་ལྟར་རེད། ཉག་མ་དང་རྐང་ལ་མཚོན་ནའང་རྩིས་གཞི་ངེས་ཅན་ཞིག་སྟེ། དཔེར་ན་སྐྲ་ཉག་མ་གཅིག་དང་དུ་བ་རྐང་གསུམ་ལྟ་བུ་དང་། ཡང་ཆ་ཡ་ཟུང་ལ་མཚོན་ན་མང་ཉུང་སྒྲིག་གཞི་ངེས་ཅན་ཞིག་འདུས་ཡོད་དེ། དཔེར་ན་ལྷམ་ཆ་གཅིག་དང་མིག་ཡ་ཞིག ལག་ཟུང་ཐལ་མོ་སྦྱར། བཟའ་ཟླ་ཟུང་ལ་སོགས་པ་ལྟ་བུའི་སྐབས་ཀྱི་ཆ་དེས་རིགས་འདྲ་བའམ་ཆ་འདྲ་བའི་དངོས་པོ་གཉིས་སམ་ཟུང་མཚོན་པ་དང། ཡ་ཞེས་པ་དེས་དངོས་པོ་རིགས་འདྲ་བའམ་ཆ་འདྲ་བ་གཅིག་རང་མཚོན་པ།  ཟུང་ཞེས་པ་དེས་མཉམ་འབྲེལ་དང་ཟུང་འབྲེལ། ཆ་འདྲ་བ་ཙམ་མ་ཡིན་པར་ལྟོས་ཟླའི་དངོས་པོ་གཉིས་མཚོན་པ་ལྟར་རེད།
          གཉིས་པ། གྲངས་ཀྱི་འཇུག་གནས་རིམ་པའི་གསལ་བཤད།   
          རང་རེ་བོད་རིགས་ཀྱིས་ཀྱང་མི་རིགས་གཞན་དང་འདྲ་བར་འཚོ་བའི་ཐོན་སྐྱེད་ལག་ལེན་དང་ས་གནས་ཁོར་ཡུག་གི་དགོས་མཁོར་གཞིགས་ནས་དེ་འབྲེལ་གྱི་རིག་གནས་ཤིག་བསྐྲུན་ཡོད། ཞིང་འབྲོག་གང་དུའང་མང་ཉུང་གི་དབྱེ་བ་ལྟར་གྲངས་ཀྱི་འཇུག་གནས་ཀྱི་བསམ་བློའི་རིམ་པ་ཞིག་དར་ཡོད་པ་ནི།དཔེར་ན་ཞིང་ལས་ས་ཁུལ་དུ་སྟོན་མཇུག་ལོ་ཏོག་བསྡུ་སྐབས་གྲོ་ནས་སྲན་གསུམ་བྲེགས་ནས་བསྡམས་བཀྱིག་བྱེད་པ་དེར་ཤོག་གཅིག་གམ་ཆག་པ་གཅིག་ཅེས་པ་སོགས་གྲངས་ཀའི་ངོས་འཛིན་སྟངས་ཤིག་ཡོད་ལ། རྒྱུན་གཏན་དངོས་ཡོད་འཚོ་བའི་གོམས་གཤིས་དང་འབྲེལ་ཏེ་དཀར་ཡོལ་ཆ་གཅིག་ཅེས་པས་དཀར་ཡོལ་གཉིས་དང་། ཆ་གཉིས་ཞེས་པས་གཉིས་གཉིས་བཞིའམ་ཡ་གཉིས་ཆ་གཅིག་དང་ཆ་གཅིག་གྲངས་གཉིས་མཚོན་པ་སོགས་རིགས་བསྒྲེ་ཆོག་པ་ཐམས་ཅད་གཉིས་འཇུག་གནས་ཀྱི་རིག་པ་ཡིན་པ་དང་། གཞན་ཡང་ལག་པའི་སོར་མོ་བཅུ་དང་རྐང་པའི་སོར་མོ་བཅུ་འདྲིལ་བར་བཅུ་ཅན་གཉིས་དང་། དེ་འདྲའི་བཅུ་འདྲ་བ་བཅུ་ལ་ཡང་དེ་མཚུངས་ཀྱི་ངོས་འཛིན་ཚུལ་ཡོད་པ་དག་བཅུ་འཇུག་གནས་ཀྱི་རིག་པ་ཡིན་པ། ལོ་འཁོར་གཅིག་གི་ཉི་མ་སུམ་བརྒྱ་དྲུག་ཅུ་དེ་ཟླ་བཅུ་གཉིས་འཁོར་ཡུན་གཅིག་དང་།  རྟེན་འབྲེལ་ཡན་ལག་གཉིས་ཀྱི་སྒོ་ནས་འཁོར་བ་འཁོར་ཚུལ་དང་ལོ་རྟགས་བཅུ་གཉིས་ཏེ་བྱི་བ་ནས་འགོ་བཟུང་སྟེ་ཕག་གི་བར་འཁོར་ཡུན་གཅིག་ལ་ལོ་འཁོར་གཅིག་སྟེ། ལོ་འཁོར་གཅིག་གི་ཉི་མ་སུམ་བརྒྱ་དྲུག་ཅུའི་འཁོར་ཡུན་རེ་ལ་ལོ་རྟགས་རེ་དང་དེ་ལྟར་མཇུག་ལྡོག་གི་རིམ་པ་ལྟར་འཁོར་ཟུར་གཅིག་གམ་ཏུའུ་སུམ་བརྒྱ་དྲུག་ཅུ་ཐེངས་ཤིག་འཁོར་བ་ན་ཕྱིར་དང་པོའི་ལོ་རྟགས་སྟེང་བབ་པར་ངོས་འཛིན་པ་ཐམས་ཅད་ནི་གྲངས་ཀྱི་འཇུག་གནས་རིག་པ་ཡིན་པ་དེ་བཞིན་རེད།      
          གསུམ་པ།  རིས་དབྱིབས་སོགས་དང་འབྲེལ་བའི་རིག་ལམ་འགའ་ཤས།   
          རང་རེའི་སྲོལ་རྒྱུན་རིག་གནས་ཁྲོད་དུ་དབྱིབས་དང་འབྲེལ་བའི་རྩིས་ཀྱི་རིག་པའི་བསམ་བློ་མང་པོ་ཞིག་འདུས་ཡོད་པ་དཔེར་ན། སྦྲ་གུར་དང་སྡོད་ཁང་། འབག་སྐུ་དང་ཐང་ག ལྡེབས་རིས་དང་རི་མོ། གཞན་ཡང་སྣོད་ཀ་ཅ་དང་བལ་གདན་སོགས་ལག་པས་རེག་ཐུབ་ཅིང་མིག་གིས་མཐོང་ཐུབ་པ་ཡན་ཆད་རིས་དབྱིབས་འཆར་འགོད་དང་རི་མོའི་སྣང་ཚུལ་དུ་མ་གྲུབ་པ་གཅིག་ཀྱང་མེད་པ་དེ་དག་གིས་འཚོ་བའི་ལག་ལེན་གྱི་དགོས་མཁོ་ཞིག་དང་མཇེས་པའི་འཚོལ་སྙེག་གི་སྣང་ཚུལ་ཞིག་མཚོན་ཡོད་པ་སྟེ།   
          གཅིག གནའ་རྫས་རིག་དངོས་ཁྲོད་ཀྱི་དབྱིབས་རྩིས་རིས་དབྱིབས།   
          འཛམ་གླིང་གི་ཡང་རྩེ་མཚོ་བོད་མཐོ་སྒང་གི་ས་གནས་ཁ་ཤས་ནས་ཐོན་པའི་རྡོ་ཆས་གསར་མའི་དུས་ཀྱི་རིག་དངོས་སྟེང་དུ་བར་ཐག་དང་བསྡུར་ཚད་ངེས་ཅན་གྱིས་གྲུབ་པའི་རིས་དབྱིབས་སྣ་ཚོགས་མཐོང་རྒྱུ་ཡོད་པ་དཔེར་ན། སྟ་རེའི་དབྱིབས་དང་སྐས་རིམ། སྒོར་མོ་དང་འཇོང་དབྱིབས་ལ་སོགས་པ་དང་། རྫ་ཆས་སྟེང་དུའང་མཉམ་འགྲོ་ཐིག་གཉིས་རེ་ཕན་ཚུན་བསྣོལ་ནས་གཟེ་དབྱིབས་སུ་གྲུབ་པ་ལྟ་བུ་ཡིན། དེ་དག་ཕལ་ཆེར་བྱང་ཤར་རྒྱུད་ཀྱི་རིས་དབྱིབས་དང་ཆ་འདྲ་བ་ཡིན།   
          གཉིས། གཙགས་གྲུབ་གོས་གྲུབ་དང་བལ་གདན་རས་གཞིའི་སྟེང་གི་རིས་དབྱིབས།   
          གཙགས་གྲུབ་ནི་གཙོ་བོ་དད་ལྡན་མང་ཚོགས་ཀྱིས་སྐྱབས་གནས་སུ་འཛིན་པའི་ཆོས་སྐྱོང་དང་ཡུལ་ལྷ་གཞི་བདག་སོགས་ཀྱི་སྣང་བརྙན་གྱིས་གཙོ་བྱས་པའི་མཛེས་རིས་སྣ་ཚོགས་ཁབ་སྐུད་ཀྱིས་གཙགས་ནས་གྲུབ་པས་གཙགས་གྲུབ་དང་། ཁ་དོག་སྣ་ཚོགས་ཀྱི་རས་གཞི་ལྷན་གཅིག་ཏུ་སྦྱར་ནས་མཁོ་དངོས་སྣང་བརྙན་ལྟར་གྲུབ་པར་བྱས་པར་གོས་གྲུབ་ཅེས་ཟེར། གཞན་ཡང་བལ་གདན་དང་རས་གཞི་སྣ་ཚོགས་སྟེང་གི་རི་མོ་ཐམས་ཅད་ནི་ཟུར་གསུམ་དང་གྲུ་བཞི །  སྒོར་མོ་དང་འཇོང་འཇོང་ལ་སོགས་པའི་དབྱིབས་རིས་ལས་གྲུབ་པ་ཤ་སྟག་ཡིན།   
          གསུམ། འབག་སྐུ་དང། ཐང་ག གཏོར་མ་དང་ལྡེབས་རིས།   
          གནའ་ནས་ད་ལྟའི་བར་དུ་བོད་མི་རིགས་ཀྱིས་ཐུན་མོང་མ་ཡིན་པའི་རིག་གནས་མང་པོ་ཞིག་བསྐྲུན་ཡོད། དེ་ཡང་རང་གི་མྱོང་བ་དང་འཚོ་གནས་ཀྱི་ཆ་རྐྱེན་ལ་གཞིགས་ནས་འབག་སྐུ་དང་ཐང་ག་ལ་སོགས་པ་བཞེངས་སྐབས་ཆེ་ཆུང་དང་མཐོ་དམའ། ཁ་དོག་དང་དབྱིབས་ལ་སོགས་པ་ཐམས་ཅད་ནི་ཐོག་མའི་འཆར་འགོད་དབྱིབས་རིས་ཀྱི་ཐིག་རྩའི་རི་མོ་ནས་འགོ་བཙུགས་ཏེ་གྲུབ་པར་བྱས་པ་དང། གཏོར་མ་ལ་མཚོན་ནའང་བོད་མི་རིགས་ཁོ་ནར་ཡོད་པའི་རིག་གནས་སྣང་ཚུལ་ཞིག་སྟེ།དེ་ལའང་ཟུར་གསུམ་དང་ཟླུམ་པོ་སོགས་དབྱིབས་སྣ་ཚོགས་དང་ཆེ་ཆུང་ཡང་ཅི་རིགས་ཡོད། ལོ་ངོ་སྟོང་ཕྲག་དུ་མ་སོང་བའི་གཙུག་ལག་ཁང་དང་འདུ་ཁང་ལ་སོགས་པའི་ནང་དུ་ཆ་འགྲིག་དང་སྙོམས་ངོས། མཉམ་འགྲོ་དང་བསྣོལ་ཐིག ཟུར་གསུམ་དང་ཟླུམ་པོ་སོགས་ལས་གྲུབ་པའི་ལྡེབས་རིས་སྣ་ཚོགས་ཡོད་པ་ཐམས་ཅད་ཀྱང་ཐིག་ཚད་དང་བསྡུར་ཚད་ངེས་ཅན་ཞིག་གི་སྟེང་ནས་གྲུབ་པ་ཡིན་པས། དེས་མཛེས་ཉམས་དང་གསོན་ཉམས་ཤིག་ངམ་ངམ་ཤུགས་ཀྱིས་མངོན་ཡོད་པ་དེ་བཞིན་ནོ།   
          བཞི། སྦྲ་གུར་དང་སྡོད་ཁང་སོགས་ཀྱི་འཛུགས་སྐྲུན་རྣམ་པ།   
          ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་སྦྲ་གུར་དུ་འདུག་པའི་སྲོལ་དེ་ཡང་འཚོ་གནས་ཁོར་ཡུག་གི་ཐོན་སྐྱེད་ལག་ལེན་ཁྲོད་དུ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་ཕྱིན་པའི་འཚོ་སྡོད་བྱ་ལུགས་ཤིག་ཡིན་ལ། དེ་ཡང་གྲུ་བཞི་ཟུར་བཞི་དང་གྲུ་བཞི་ཟུར་བརྒྱད་ཀྱི་རྣམ་པ་མང་ཆེ་ཤོས་ཡིན། ཁ་དཔེར་ཡང་གྲུ་ག་རེ་ལ་ཟུར་རེ་དང་ཟུར་རེ་ལ་ཆོན་ཐག་རེ་ཞེས་པའི་བཤད་སྲོལ་ཞིག་ཀྱང་ཡོད། དེ་བཞིན་འབྲོག་པའི་སུམ་ཐབ་ཀྱི་རྩེ་གསུམ་གའི་སྟེང་དུ་སྣོད་ཆ་སྙོམས་པར་བཞག་སྟེ་བརྟན་ཆགས་སུ་བྱས་པ་དེ་ནི་དེང་དུས་དབྱིབས་རྩིས་ཀྱི་ངོས་ནས་བཤད་ན།  དྲང་ཐིག་གཅིག་གི་ཐོག་གནས་མེད་པའི་ཚེག་གསུམ་སྙོམས་ངོས་གཏན་འཁེལ་བྱེད་པའི་རིག་པ་དང་ཆ་ཀུན་ནས་མཚུངས་པ་ཡིན། སྡོད་ཁང་དབྱིབས་དང་མཐོ་དམའ་ཐམས་ཅད་ལའང་ཚད་ངེས་ཅན་རེ་ཡོད་པ་ཚང་མ་དེ་འབྲེལ་གྱི་བསམ་བློ་ཞིག་དང་གསར་གཏོད་ཀྱི་ལམ་བུ་ཞིག་ཏུ་སྙེགས་ཡོད་པ་ཀུན་གྱིས་མཐོང་སླའོ།    
          མཇུག་བསྡུའི་གཏམ།
          བོད་པའི་སྲོལ་རྒྱུན་གྱི་རྩིས་ལེན་བྱེད་སྟངས་དེ་ཡང་རང་ཉིད་ཀྱི་ཡུལ་དུས་ཀྱི་ཁྱད་ཆོས་དང་གཏན་འཇགས་རང་བཞིན་ལྡན་པ་ཞིག་ལགས་པས། སྤྱིར་མི་སྒེར་དང་ཚོགས་པ་གང་རུང་གིས་རང་འདོད་ཀྱིས་བརྗེ་རུང་བ་ཞིག་མིན། འོན་ཀྱང་དེང་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་གཏོང་ཆོག་པ་ཞིག་ཡིན་ཏེ། བོད་ཀྱི་རྩིས་ལེན་བྱ་སྟངས་ལའང་འདས་དང་ད་ལྟ་མ་འོངས་གསུམ་གྱི་འགྱུར་ལྡོག་གི་བརྒྱུད་རིམ་ཞིག་ཀྱང་ལྡན་པ་མ་ཟད། དུས་རབས་སོ་སོའི་འདུ་ཤེས་གསར་པ་དང་ལྟ་ཚུལ་གསར་པ་སྣོན་ཆོག་པའི་ཁྱད་ཆོས་ཀྱང་ལྡན་པས་ན། དེ་ནི་ལོ་རྒྱུས་འཕེལ་འགྱུར་གྱི་ཕྱོགས་བསྡུས་འབྲས་བུའམ་ཚོགས་སྤྱིའི་རང་བཞིན་ཅན་གྱི་ཐོན་དངོས་ཤིག་ཡིན་ལ། དེ་ཉིད་སྲོལ་ཞིག་ཏུ་ཆགས་རྗེས་གཞི་ནས་དེས་སྤྱི་ཚོགས་དེའི་མི་རེ་རེའི་བསམ་བློ་དང་། འཚོ་བའི་ཉམས་མྱོང་སོགས་ལ་རང་ཤུགས་ཀྱིས་ཤུགས་རྐྱེན་ཐེབས་སྲིད། གང་ལྟར་རྩིས་ལེན་བྱེད་སྟངས་ཀྱི་རིག་པ་དེར་ཡུལ་དུས་དང་འཚམ་པའི་བོད་མིའི་བསམ་བློའི་འཕེལ་རིམ་གྱི་ཁྱད་རྟགས་ཀྱང་འདུས་ཡོད་པ་ནི་སྨོས་ཅི་དགོས། །                       
          དཔྱད་གཞིའི་ཡིག་ཆ།
          ༡.  བསམ་འགྲུབ་རྒྱ་མཚོས་མཛད་པའི་《སྐར་རྩིས་ཀུན་འདུས་ནོར་བུ་》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང།
          ༢.  བྱམས་པ་འཕྲིན་ལས་ཀྱིས་གཙོ་སྒྲིག་མཛད་པའི་《བོད་ཀྱི་རྩིས་རིག་ཀུན་བཏུས་ཆེན་མོ་》ལས་《སྐར་ནག་རྩིས་ཀྱི་ལོ་རྒྱུས་སྐོར་》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
          ༣.  ལོ་ཁིས་མཛད་པའི་《མིའི་རིགས་ཀྱི་ཤེས་རྟོགས་རྣམ་བཤད་》ཀོན་བུན་ཡུང་གིས་བསྒྱུར། ཚོང་ལས་དཔེ་སྐྲུན་ཁང།
          ༤.  བང་ཀྲུང་ཁྲུང་སོགས་ཀྱིས་བརྩམས་པའི་《གྲངས་རིག་བསམ་གཞིག་དང་གྲངས་རིག་ཐབས་ལམ་རྣམ་བཤད་》 མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་།
          ༥.  རྒྱལ་ཚང་སྙིང་བོ་རྒྱལ་གྱིས་གཙོ་སྒྲིག་བྱས་པའི་《བོད་ཡིག་གྲངས་རིག་ཚིག་མཛོད་》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1