གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༩ཚེས་༢༦ཉིན།

ཁྱོད་དང་ང་ཡི་གཏམ་རྒྱུད།

    གློ་བུར་དུ་བབས་པའི་ཁ་བ་མཐུག་པོ་འདིས་བདག་གི་ལུས་སེམས་ལ་འཁྱགས་སིབ་སིབ་ཀྱི་ཚོར་བ་སྦྱིན་དུས། ངའི་ཡིད་ལ་དྲན་པ་ནི་འདས་ཟིན་པའི་ལོ་ཟླ་ཞིག་གི་གཏམ་རྒྱུད་རེད་ལ། ངའི་མིག་ལ་འཁོར་བ་ནི་གྱེས་ཚར་བའི་བུ་མོ་ཞིག་གི་ཞལ་རས་རེད། འོན་ཀྱང་། ད་ལྟ་འདི་ལྟར་བསམ་གཞིགས་ཀྱི་ཞགས་པ་རིང་དུ་སློད་ཅིང་ཕྱིར་དྲན་གྱི་མདའ་མོ་རྒྱང་དུ་འཕེན་དུས། ངས་ཅི་ཞིག་བོར་བ་དང་མཚུངས་བའི་རང་ཉིད་ཀྱི་འཚོ་བར་སྙིང་ཁོང་ནས་ཞེན་ཁ་ལོག་ཅིང་གང་ཞིག་བརླགས་པ་དང་འདྲ་བའི་མི་ཚེར་སེམས་གཏིང་ནས་སྡང་སེམས་སྐྱེས་བྱུང།

  དེ་རིང་འདྲ་བའི་དགུན་ཁ་ཞིག་ནི་ཆེས་ཐོག་མར་ངེད་གཉིས་ཁང་ཆུང་རྙིང་པ་དེའི་རྩེ་རུ་འཕྲད་བའི་ཉིན་མོ་དང་པོ་དེ་རེད་ལ། ཆེས་ཐོག་མར་ཕན་ཚུན་གྱི་ངོ་གདོང་ལ་བལྟས་ནས་འཚམས་འདྲིའི་ཁ་གཡང་བོས་པའི་ཉིན་མོ་དང་པོ་དེ་ཡང་རེད་ལགས། དེ་ལྟར་འཕྲད་དགོས་པའི་རྒྱུ་མཚན་ཡང་དག་ཅིག་ང་ལ་ད་དུང་བཤད་རྒྱུ་མི་འདུག་ལ། དེ་ལྟར་འདྲིས་དགོས་པའི་རྒྱུ་རྐྱེན་རྣལ་མ་ཞིག་ང་ལ་དེ་བས་ཀྱང་བརྗོད་རྒྱུ་མི་འདུག་པས། ཁྱོད་ཀྱིས་ང་ལ་གུ་ཡང་གནང་རོགས།

  སྙན་འཇེབས་ཀྱི་གླུ་དབྱངས་གསེབ་ནས་ཁྱོད་ང་ལ་གོམས་ཤིང་མཛེས་སྡུག་གི་བྲོ་གར་ཁྲོད་ནས་ང་ཁྱོད་ལ་འདྲིས་པའི་གཏམ་རྒྱུད་དེ་ཅི་ལྟར་འགོ་བརྩམས་པ་ང་ལ་གསལ་ཆ་ཞིབ་མོ་ཞིག་མི་འདུག་མོད། གང་ལྟར། འཛུམ་མདངས་དང་དགོད་སྒྲའི་གསེང་ནས་ཕན་ཚུན་ལ་དུངས་བའི་ཟུར་མིག་གནང་རེས་བྱས་པ་ངས་ད་དུང་བརྗེད་མེད་ལ། གུ་རེ་དང་རྩེད་མཚར་བར་ནས་ཕན་ཚུན་ལ་ལྷོད་ཀྱིས་རྒྱུས་ལོན་བྱེད་རེས་བྱས་པ་དེ་བས་ཀྱང་ག་ལ་བརྗེད། ངས་བསམ་ན་ཁྱོད་ཀྱིས་ཀྱང་དེ་དག་བརྗེད་ཡོད་ཀྱི་མ་རེད་སྙམ།

  ཧ་ཅང་བྲེལ་འཚུབ་ཆེ་བའི་ཉིན་མོའི་སྦྱོང་བརྡར་བར་ནས་ངས་ཁྱོད་ཀྱི་ཡོད་ཚད་ལ་ཁུ་སིམ་མེར་རྒྱང་ལྟ་བྱས་ཤིང། ཤིན་ཏུ་ཐུང་བའི་མཚན་མོའི་ངལ་གསོའི་ཁྲོད་ནས་ངས་ཁྱོད་ཀྱི་ཡོངས་རྫོགས་ལ་འཇམ་ཅག་གེར་ལྐོག་ཉན་བྱས་པ་ཁྱོད་ཀྱིས་ཀྱང་ལོས་ཤེས་སྙམ། གང་ལྟར་འདི་ནི་འུ་གཉིས་ཀྱི་གབ་ཚིག་ལྟ་བུའི་བརྩེ་དུང་གི་གཏམ་རྒྱུད་དེའི་དབུ་ཁྱུད་རེད་ལ། ཁེར་རྐྱང་ཞིག་གི་བྲང་གཞུང་ན་ཤུགས་ཀྱིས་ལྡིང་བའི་སྙིང་གསོན་པོ་ཞིག་གི་ཁ་དོག་ངོ་མ་དེ་ཡང་ཡིན་པ་ཁྱོད་ཀྱིས་འུ་གཉིས་ཀྱི་ཁ་སང་གི་ལོ་ཟླ་ལ་ཕྱིར་འདངས་ཤིག་རྒྱོབ་དང་ཤེས་ཐུབ།

  བརྩེ་བའི་འཛུམ་མདངས་ཀྱིས་ཕྱུག་ཅིང་དུངས་བའི་དགོད་སྒྲས་ཁྱབས་པའི་མཛེས་སྡུག་གི་ཉིན་མཚན་རེ་རེ་ངང་གིས་འདས་དུས། ངས་རང་ཉིད་ཀྱི་བརྩེ་བའི་རེ་གཞག་གསོན་པོ་ཁྱོད་གཅིག་པོར་བཅོལ་ན་འགྲིག་འདུག་བསམ་བྱུང་ལ། རང་ཉིད་ཀྱི་མི་ཚེའི་སྐྱ་ཡ་ཡང་ཁྱོད་ཁོ་ན་ཡིན་ན་ཆོག་འདུག་སྙམ་པའི་ཡིད་ཆེས་ཀྱི་སྣང་བ་ཞིག་ང་ལ་བཅོས་མིན་དུ་སྐྱེས་བྱུང། དེ་དུས། བདག་གི་ལུས་སེམས་ལ་ཅི་འདྲའི་དགའ་སྣང་ཞིག་ཡོད་པ་སུ་ཞིག་གིས་ཀྱང་རྟོགས་མི་སྲིད་ལ། ཅི་ཞིག་གིས་ཀྱང་ཚོར་མི་ནུས། འོན་ཀྱང་འདི་ནི་ཧ་ཅང་སྔ་དྲག་པའི་སྡོམ་ཚིག་ཅིག་དང་འཕྱི་དྲག་པའི་ཚོད་དཔག་ཅིག་ཡིན་པ་ཁ་སང་གི་གྱེས་བྲལ་དེ་དང་དེ་རིང་གི་རྨ་ཁ་འདི། ད་དུང་། སང་ཉིན་གྱི་ན་ཟུག་དེ་སོགས་ཀྱིས་ར་སྤྲོད་བྱེད་ཐུབ་པས། ང་ལ་ཡང་གདམ་ག་ཞིག་ཡེ་ནས་མི་འདུག་ཨང།        

  གང་ལྟར། འུ་གཉིས་ཕན་ཚུན་ལ་དགའ་མྱོང་བ་བདེན་པ་ཡིན་ལ། ཕན་ཚུན་ལ་སྡང་མྱོང་བ་ཡང་ངོ་ནས་ཡིན། འོན་ཀྱང་། རྒྱུ་མཚན་དང་བར་ཆད་གང་ཡིན་མ་ཤེས་བའི་གྱེས་བྲལ་དེའི་རྒྱབ་ལྗོངས་ན་གཞན་སུ་ཞིག་གི་སེམས་ལ་བརྣགས་པའི་མ་འདོད་པའི་ཞེ་འཁོན་ཡོད་སྲིད་ལ། གཞན་སུ་ཞིག་གིས་ཆེད་དུ་བཟོས་པའི་མ་མངོན་པའི་རྐྱེན་ངན་ཡང་ཡོད་ངེས་པས། འུ་གཉིས་ཀྱིས་ཕན་ཚུན་ཁོ་ནར་ལེ་བདའ་དང་ཁག་འདྲི་བྱས་ནས་མི་འདོད་པའི་གྱེས་བྲལ་དེ་དང་ལེན་བྱེད་དགོས་དོན་ཅི་ཡིན་ནམ། ནོངས་འགྱོད་ཀྱི་མཆི་མ་ད་ལྟ་འདི་ལྟར་དབང་མེད་འཐོར་དུས། ངས་ཁྱོད་རྒྱང་རིང་ཞིག་ཏུ་བཞུད་ཟིན་པ་ཚོར་སོང་ལ། ང་ཡང་ཁེར་རྐྱང་དུ་ལྷག་འདུག་པ་ཤེས་སོང།

   ཉི་མ་ཤར་ནས་འཛུམ་སྟེ་ས་གཞི་འོད་ཀྱིས་གཡོགས་དུས། ངས་འུ་གཉིས་ཀྱིས་གཅིག་ལག་གཅིག་གིས་འཇུས་ནས་ཡར་མར་ལ་འཆམ་འཆམ་ཕྱིན་པའི་ལོ་ཟླ་དེ་དྲན་ཡོང་ལ། ཟླ་བ་མཁའ་རུ་ཤར་ནས་སྐར་ཚོགས་རྣམ་པར་བཀྲ་དུས། ངས་འུ་གཉིས་ཀྱིས་གཅིག་མགོ་གཅིག་ལ་སྔས་ནས་ཕན་ཚུན་ལ་སྙིང་གཏམ་བཤད་པའི་དུས་ཚིགས་དེ་ཡང་དྲན་འོང་།  ག་ཚོད་ངུས་ཀྱང་བརྗེད་མི་ཐུབ་པ་ཁྱོད་རེད་ལ། ཅི་འདྲའི་བགད་ཀྱང་དྲན་ཡོང་བ་ཡང་ཁྱོད་རེད། མདོར་ན། ནམ་མཁའ་ནི་ཁྱོད་ཀྱི་ངོ་གདོང་རེད་ལ། ས་གཞི་ནི་ཁྱོད་ཀྱི་ངང་རྒྱུད་རེད། ད་དུང་། གཙངབོ་ནི་ཁྱོད་ཀྱི་དགོད་སྒྲ་རེད་ལ། རླུང་བུ་ནི་ཁྱོད་ཀྱི་སྙིང་གཏམ་རེད།

  ཁྱོད་རང་འདི་ལྟར་རྒྱང་རིང་དུ་བཞུད་སོང་། ཕྱིར་མིག་ཞིག་ཀྱང་མེད་པར་རྒྱང་རིང་དུ་བཞུད་སོང། བདེ་མོ་ཞིག་ཀྱང་མེད་པར་རྒྱང་རིང་དུ་བཞུད་སོང། བཞུད་ཤུལ་དུ་ངས་ཁྱོད་ཀྱི་རྐང་རྗེས་དང་གཟུགས་བརྙན་བཙལ་ཞིང། བག་ཆགས་དང་རྨ་ཁ་སྒོམ་བཞིན། ཕྱིར་དྲན་དང་དམ་བཅའ་བསམ་ཞོར། མཆི་མས་ཁེངས་བའི་མིག་ཟུང་རྒྱང་ལ་གཏད། མྱ་ངན་གྱིས་གཏམས་པའི་སེམས་པ་རྒྱང་ལ་ཕྱོགས། ཡང་ནས་ཡང་དུ་རྒྱང་དུ་ཕྱིན་པའི་ཁྱོད་ལ་རེ་སྒུག་བྱས། གཏན་ནས་གཏན་དུ་རིང་དུ་སོང་བའི་ཁྱོད་ལ་སྨོན་ལམ་རྒྱབ། དགུན་ཁ་ཞིག་འདི་ལྟར་བུད་སོང་ལ། དཔྱིད་ཀ་ཞིག་ཀྱང་འདི་ལྟར་འཆས་སོང། ད་དུང་། དབྱར་ཀ་ཞིག་ཀྱང་འདི་ལྟར་འགྲོ་ངེས་ཡིན་ལ། སྟོན་ཁ་ཞིག་ཀྱང་འདི་ལྟར་རྫོགས་ངེས་ཡིན། རེ་སྒུག་གི་མཆི་མ་དང་སྨོན་འདུན་གྱི་དངན་པའི་གསེབ་ནས་རྫོགས་ངེས་ཡིན།

  ད་ལྟ། འདས་ཟིན་པའི་གཏམ་རྒྱུད་ཀྱི་བརྒྱུད་རིམ་དྲན་ནས་ཁོག་ནས་ཡིད་སྨོན་གྱི་གད་མོ་བྲོ་ཞིང་ཁ་ལ་ཞེན་ཆགས་ཀྱི་འཛུམ་མདངས་འཁྱིལ་བ་ཉུང་ཉུང་མིན་ལ། རྫོགས་ཟིན་པའི་ལྷད་མེད་དག་གཙང་གི་བརྩེ་དུངས་བསམ་ནས་སེམས་ནས་ནོངས་འགྱོད་ཀྱི་ན་ཟུག་ལངས་ཤིང་མིག་ལ་དྲན་གདུང་གི་མཆི་མ་འཁོར་བ་ཡང་ཐེངས་གཅིག་གཉིས་ཤིག་ག་ལ་ཡིན། འདི་ནི་ངས་ཁྱོད་ལ་ཆེད་དུ་བཞག་པའི་མི་ཚེའི་དྲན་ཤིང་ཡིན་ལ། འདི་ནི་ཁྱོད་ཀྱིས་ང་ལ་ལྷག་ཏུ་གནང་བའི་དུས་གསུམ་གྱི་ལེགས་སྐྱེས་ཀྱང་ཡིན་པས། ནམ་ལངས་ཐེངས་རེ་དང་ས་རུབ་དུས་རེར་ངས་ཁྱོད་ཀྱི་མིག་ཟུང་གི་མཛེས་སྡུག་བསམ་པ་བཞིན་ཁྱོད་ཀྱིས་ཀྱང་ངའི་ངོ་གདོང་གི་འཛུམ་མདངས་དྲན་སྲིད།  འདི་ནི་ཁྱོད་དང་ང་ཡི་བརྩེ་བའི་གཏམ་རྒྱུད་ཡིན་ལ། འདི་ནི་ང་དང་ཁྱོད་ཀྱི་མི་ཚེའི་ལས་དབང་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1