གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༩ཚེས་༡༨ཉིན།

༄༅། །ཁུ་སིམ་ཁད་ཀྱིས་དཀྲོག་པའི་བྱ་ཁུ་ལོ།

---སློབ་དཔོན་ཆེན་མོ་ཆས་བ་སྐལ་བཟང་རྒྱལ་མཚོར་རྗེས་དྲན་དུ།

                               1

   བྲག་དམར་གྱི་གཟར་ཁ་ནས་ལྡིང་སྐོར་བྱེད་བཞིན་པའི་ཐང་དཀར་རྒོད་པོ།དགུང་ཨ་སྔོན་གྱི་སྤུ་གྲི་མ་གཏོར་བར་དུ་ཁྱེད་ཀྱིས་ནམ་ཡིན་ཡང་མཐོ་སྒང་གི་མཛེས་སྡུག་ཐོགས་ཏེ་ཡུལ་གྲུ་འདིའི་མཁའ་དབྱིངས་ནས་འཕུར་ལ།ཆུ་འགྲམ་ན་རྩེ་ལ་འཁོར་བའི་བྱིས་པ་ཚོའི་རྣམ་ཤེས་།རྒྱང་རིང་རྒྱང་རིང་གི་ངོ་མཚར་བའི་འཇིག་རྟེན་ཞིག་ལ་སྣེ་ཁྲིད་བྱས།

                             2

   དུས་བཞིར་སྐྱོ་ངལ་གྱི་ཤུགས་རིང་མི་འབྱིན་པར།ཞིང་འབྲོག་ལས་མཉམ་འཚོ་བྱེད་པའི་མཐོ་སྒང་གི་གྲུ་གཟིངས།དབུགས་གྱི་རྒྱུ་བ་མ་ཆད་བར་དུ་ཞི་དུལ་གཡང་གི་གཤིས་རྒྱུད་བཟུང་སྟེ་ལོ་རེས་མོས་ལ།དལ་འགྲོས་ཀྱི་མདུན་སྐྱོད་ཁྲོད་ནས་ས་ཆེན་འདིའི་བརྗིད་ཉམས་བསྣན་ལ་ཧ་ལེ་ཧོབ་ལེའི་མི་དེ་ཚོའི་རུས་རྐང་ལ་ཡ་རབས་ཀྱི་སྤྱོད་པ་བསྐྲུན།

                            3

  གུག་འཁྱོག་གི་ཕ་ཁྱིམ་དང་བྲལ་བའི་རྣོ་ངར་གྱི་མདའ་མོ་ཁེར་རྐྱང་།ཁྱེད་ཀྱིས་མཁའ་དབུགས་ཀྱི་བཙན་རྫོང་གཏོར་ཏེ་དམིགས་འབེན་གཞན་ཞིག་གི་ཆེད་དུ་སྒྱིད་ལུག་གྲོང་ཚོ་འདིའི་སྙིང་ཁོངས་གི་ཕ་བོང་བཀས་ལ།རི་གྲོང་ན་མྱི་ཁ་ཆེ་རུང་བརྩོན་འགྲུས་ཀྱི་ལམ་ཆེན་སྟེང་སྒལ་ཚིགས་ཅན་གྱི་མི་བུ་བྱུང་།

                           4

  རྨ་ཀློང་སྔོན་མོའི་རླབས་སྒྲའི་ཁྲོད་ནས་འཇིགས་མེད་ཀྱིས་ལང་ཚོ་རྒྱས་པའི་གསར་སྐྱེས་ཀྱི་ལྕུག་ཕྲན་ཆུང་ཆུང་།འགོག་མེད་ཀྱི་བཞུར་རྒྱུན་ཁྲོད་ནས་ནམ་ཡིན་རུང་ཡིད་ཆེས་ཀྱིས་ཡར་བསྒྲེངས་ལ།ནེ་ལེ་ཡི་སྒོམ་ཚུལ་བཟུང་ལ་ཝ་སྐྱེས་ཀྱི་སྣང་བརྙན་གྲུབ་པའི་རྟོག་གེ་བ་ཚོའི་སྲ་མཁྲེགས་ཀྱི་དམ་བཅའ་ཐལ་གྱིས་གྲོལ་ནས་རྒྱུན་མ་ཆད་པའི་བཞུར་རྒྱུན་ཁྲོད་ལང་ཚོ་ཡི་གསོན་ཤུགས་རྙེད་པའི་རེ་བ་སྦྱིན།

                          5

   ནོར་ལུག་དང་ཁ་བརྡ་བྱེད་པའི་རོང་འབྲོག་ཞིག་ནས་ལྟེ་ཁྲག་གི་མྱུ་གུ་འབུས་བའི་བདག་གི་སློབ་དཔོན་དམ་པ་སྐལ་བཟང་རྒྱ་མཚོ་ལགས།ཁྱེད་ཀྱིས་རི་རབ་ཀྱི་གསང་བ་མང་བོ་རུམ་ཏུ་བཅུག་ལ་ཤ་ཉེ་ཡི་སྦྲེལ་ཐག་སྲ་མོ་དམ་བཅས་བཅད་ནས་རྒྱང་རིང་གི་ཕུགས་བསམ་ཞིག་གི་ཆེད་དུ་ཚམ་ཚོམ་མེད་པར།བློ་རིག་སྤྱོད་པ་ཟུང་འབྲེལ་གྱིས་ནང་འཁྲུག་དང་འཁོན་རེས།གནའ་གཏམ་དང་བྱིས་སྒྲུང་གིས་ཁྱབ་པའི་ཡུལ་གྲུ་འདི་ལ།ཨ་ཁུ་སྟོན་པ་དང་རི་བོང་བློ་ལྡན།གླིང་གེ་སེར་རྒྱལ་བོའི་གཏམ་རྒྱུད་ཀྱི་ཤུགས་བརྟེན་བརྗོད་ནས།རྨི་ལམ་གྱི་ཞིང་ཁམས་ཞིག་ནས་ཐོལ་གྱིས་བཀྲོགས་ཏེ་མངོན་སུམ་གྱི་འཇིག་རྟེན་ཞིག་ཏུ་བསྐྱོད་པར་རེ་བ་ཡིད་ཆེས་ཀྱི་སྤོབས་པ་རྒྱས་སུ་བཅུག།

                         6

   རང་ཉིད་ཀྱི་གཅེས་སྲོག་དམ་པ་ཁྲིད་སྟེགས་ནས་དལ་གྱིས་འདས་མོད།དག་གཙང་གི་རྣམ་ཤེས་དྭངས་མ་ཡུལ་གྲུ་འདིའི་མཁའ་དབྱིངས་ན་རྟག་ཏུ་འཚེར།སྲོལ་རྒྱུན་བཟང་པོ་འཛིན་ཆེད།ཞྭ་སེར་བསྟན་པའི་གྲྭ་ལྭ་བསྣབས།ཡུལ་གྲུ་ཞིག་གི་མ་འོངས་དོན།དྭངས་གཙང་རིག་པའི་སློབ་གྲྭར་ཕེབས།མི་རིགསཤིག་གི་བདེ་སྡུག་ཆེད།མི་ལོ་བརྒྱད་ཅུར་སློབ་གསོ་བསྐྱངས།གནས་འདི་རུ་ལྷ་ཤིང་ཤུག་པའི་དྲི་བསུང་གིས་ཁྱབ་ལ།གནས་འདི་རུ་མེ་ཏོག་འདབ་བརྒྱ་སྐར་ཚོམ་བཀྲ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1