གཙོ་ངོས།>> གནས་མཇལ།>>དགོན་སྡེ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཆ་འཕྲིན་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༩ཚེས་༡༦ཉིན།

༄༅། །མཐོ་ལས་དགོན།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་མཐོ་ལས་དགོན་རྣམ་རྒྱལ་ཕུན་ཚོགས་ཆོས་རྫོང་གླིང་ནི་ལཱ་མོ་སྐུ་ཕྲེང་བདུན་པ་དགེ་འདུན་བསྟན་འཛིན་ནོར་བུས་སྤྱི་ལོ་1916ལོར་མང་སྨད་རབ་ཁ་འོག་མར་ཕྱག་འདེབས་གནང་ཞིང་།  སྤྱི་ལོ་1919ལོར་རྭ་རྒྱའི་བྱིང་འདྲེན་བྱམས་པ་དགེ་ལེགས་གདན་དྲངས་ནས་ཀུན་རིག་གི་འདོན་དབྱངས་རྟ་ཐིག་རྡུལ་ཚོན་དང་བཅས་པ་རྭ་རྒྱ་དགོན་པའི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་བཙུགས་ཤིང་དར་རྒྱས་ཆེན་པོ་བྱུང་ཡོད།  སྤྱི་ལོ་1958ལོར་དུས་འཁྲུགས་ངན་པའི་རྐྱེན་གྱིས་དགོན་པའི་རྟེན་འདུ་ཁང་དང་བཅས་པ་རྩ་མེད་དུ་སོང་། སྤྱི་ལོ་1981ལོར་ཡང་དར་བསྟན་པའི་འཕེལ་རྒྱས་དང་བསྟུན་ནས་དགོན་པ་སླར་གསོ་བྱེད་རྒྱུའི་བསྐལ་བ་བྱུང་།  སྤྱི་ལོ་1983ལོར་རྨ་ཆུའི་ཆུ་གློག་བཟོ་བསྐྲུན་བྱས་པའི་རྐྱེན་གྱིས་གནས་སྤོར་བྱས་ཏེ། མང་སྨད་བཙན་མགོན་བདུད་འདུལ་གནས་རིའི་མདུན་དུ་གཞི་ཆགས།  དེ་ནས་བཟུང་མཐོ་ལས་དགོན་པའི་ཆོས་སྲིད་གཉིས་ཀའི་བྱ་བ་ཐམས་ཅད་བླ་མ་རིན་པོ་ཆེ་7 རྗེ་ངག་དབང་རྒྱ་མཚོ་ཚང་གིས་བསྐྱངས།  དམ་པ་ཁོང་ནི་སྤྱི་ལོ་1969ལོར་མང་རའི་རབ་རྒན་དུ་སྐུ་འཁྲུངས་ཤིང་།  ཆུང་དུས་ནས་སྒྲོལ་མའི་བསྟོད་པ་དང་སེང་གདོང་མའི་སྔགས།  འོད་དཔག་མེད་ཀྱི་མཚན་སོགསཞལ་འདོན་ཆག་མེད་མཛད་པ་སོགས་ཆོས་ལ་བག་ཆགས་ཟབ་མོ་ཡོད་པའི་དན་རྟགས་མི་དམན་པ་ཡོད་ལ། ཡུལ་མི་ཀུན་གྱིས་ཁོང་བྱིས་པ་ཡ་རབས་ཀྱི་རྩེར་སོན་དུ་འཛིན།  དགུང་ལོ་བཅུ་དགུའི་སྟེང་7ཡབ་རྗེ་བླ་མ་ལཱ་མོ་ཡོངས་འཛིན་རྡོ་རྗེ་འཆང་གི་མདུན་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་མནོས་ཏེ་མཚན་ལ་ངག་དབང་རྒྱ་མཚོར་གསོལ།  དགུང་ལོ་ཉི་ཤུའི་སྐབས་ནས་སྐུ་འབུམ་ནང་བསྟན་སློབ་གླིང་དུ་ཞུགས་ནས།  རྗེ་7བློ་བཟང་རྡོ་རྗེ་དང་།  རྗེ་7སྐལ་བཟང་ཆོས་སྲུང་།  རྗེ་7ཡེ་ཤེས་རྒྱ་མཚོ།  སྐེ་ཀྱཱ་རྡོ་རྗེ་འཆང་བཅས་ཀྱི་མདུན་ནས་ཚད་མ།  ཕར་ཕྱིན།  དབུ་མ། མཛོད། འདུལ་བ། སྔགས་རིག་གནས་དང་བཅས་པར་སློབ་གཉེར་གནང་།  1993ནས་གནས་དབེན་པར་ཚེ་དང་སྒྲུབ་པ་སྙོམ་པར་བཞུགས་རྒྱུའི་ཐུགས་འདུན་བཅིངས་ནས་རི་ཁྲོད་དུ་ཕེབས།  སྐབས་དེར་ཁོང་གི་བླ་མ་ལཱ་མོ་ཡོངས་འཛིན་རྡོ་རྗེ་འཆང་སྐུ་འབུམ་དགེ་བཤེས་རིན་པོ་ཆེ་བསྟན་པ་རབ་རྒྱས་།  རྗེ་ཡེ་ཤེས་རྒྱ་མཚོ་རྣམ་པས་མཐོ་ལས་དགོན་པར་འཆད་ཉན་སྤེལ་དགོས་པའི་གསུང་བཀོད་ལྟར་སྤྱི་ལོ་1993ལོར་ཁོང་ཉིད་སྡེ་དེར་ཞབས་སེན་བཀོད་དེ་འཆད་ཉན་གྱི་དབུ་བཙུགས།  སྐབས་དེར་དགེ་འདུན་པ་སུམ་བཅུ་ཡས་མས་ཙམ་ལས་མེད་ལ།  སྤྱི་ལོ་1995ལོའི་ཟླ་བ་6པའི་ཚེས་4ཉིན་མཚན་ཉིད་གསར་འཛུགས་གནང་།  དེ་ནས་བཟུང་བསྡུས་གྲྭ་དང་བློ་རྟགས། ཕར་ཕྱིན་སོགས་མདོ་སྔགས་རིག་གནས་དང་བཅས་བའི་དཔེ་ཁྲིད་ཆག་མེད་དུ་མཛད། སྤྱི་ལོ་2006ནས་བཟུང་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ།  ཆོས་གྲྭ་གོང་འོག  མཆོད་རྟེན་བརྒྱད་པ།   འཆད་ཉན་ཁང་།  དཔེ་མཛོད་ཁང་། དགེ་རྒན་རྣམ་པའི་གཟིམ་ཁང་།  གྲྭ་བའི་སྡོད་ཤག   ཇ་ཁང་ཆེན་མོ་སོགས་ཀྱི་ཐད་ལ་7རྗེ་ངག་དབང་རྒྱ་མཚོ་མཆོག་མཆོག་གིས་དམངས་སྒོར་བྱེ་བ་གསུམ་ལྷག་བཏང་ནས་འཛུགས་སྐྲུན་རྒྱ་ཆེར་གནང་བ་སྤྱི་ལོ་2010ལོར་ལེགས་འགྲུབ་བྱུང་ཡོད།  སྤྱི་ལོ་2011ལོར་འབྲས་སྤུངས་དགོན་པའི་དགེན་ལི་ཐང་རབ་གསལ་དང་དགེན་ལེགས་ལྡན་རྣམ་གཉིས་གདན་དྲངས་ཏེ་མཚན་ཉིད་རྩོད་གྲྭར་ཤུགས་གནོན་བརྒྱབ་སྟེ་མཚན་ཉིད་པ་སུམ་བརྒྱ་ལྔ་བཅུ་ཡས་མས་འཕེལ་རྒྱས་བྱུང་ཡོད་པ་དང་།  ད་ལྟ་བླ་མ་རིན་པོ་ཆེ་7རྗེ་ངག་དབང་རྒྱ་མཚོ་མཆོག་གིས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བསྟན་པ་དང་འགྲོ་བའི་ཕན་བདེ་བླ་ལྷག་ཏུ་མཛད་བཞིན་བཞུགས་ལགས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1