གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༨ཚེས་༢༡ཉིན།

༄༅།། གཉན་ནད་མེ་དབལ་ནད་ཀྱི་ངོས་འཛིན་དང་གསོ་བཅོས་བྱེད་ཐབས་སྐོར་རོབ་ཙམ་གླེང་བ།

ཚེ་དཔག་མཚོ་དང་། རིག་འཛིན་རྒྱ་མཚོ།

        དེང་དུས་འཚོ་བའི་ཆ་རྐྱེན་དང་ཟས་རིགས་ལ་འཕོ་འགྱུར་ཆེ་བ་དང་སེམས་ཀྱི་ངལ་ལས་དྲག་པ་བཅས་རྒྱུན་ལྡན་མིན་པའི་འཚོ་བའི་གོམས་གཤིས་ཀྱིས་ནད་སྣ་ཇེ་མང་དུ་བཏང་ལ། སྨན་པ་ཕལ་ཆེར་གྱིས་ནད་ངོས་འཛིན་དཀའ་བར་གྱུར་ནས་བཅོས་དཔྱད་ཀྱི་ཐབས་ཀྱང་ལོག་པས་བཅོས་སྐྱེད་མེད་པར་མཐོང་། དེ་ཕྱིར་ཁོ་བོས་ནད་འདི་དག་ལ་ཞིབ་འཇུག་བྱ་ཆེད་རང་རིགས་ལུགས་ཀྱི་སྨན་བཅོས་བྱ་ཐབས་དེ་རིག་པའི་གཞུང་ལུགས་ཀྱི་རྩ་ཚིག་དང་མཐུན་པ། ནད་ཐོག་ཏུ་ཕན་ནུས་ཆེ་བར་འཐུས་སྒོ་ཚང་བའི་ཐབས་ལམ་བཟང་པོ་བཙལ་ནས་འགྲོ་དྲུག་གཙོ་གྱུར་མི་ལུས་མི་ན་བར་སྔོན་འགོག་དང་ན་བར་གསོ་ཐུབ་པར་དམིགས་པ་བཟུང་ནས་མཐའ་ཡས་བོད་ལུགས་གསོ་རིག་རྒྱ་མཚོའི་རླབས་ཕྲེང་ལས་ལྷན་སྐྱེས་མེ་དབལ་ནད་ཀྱི་བརྟག་བཅོས་བྱེད་ཐབས་ཟེགས་མ་ཙམ་བཏུས་ནས་ངོ་སྤྲོད་ཀྱི་ཚུལ་དུ་གླེང་བར་བྱའོ། །
        སྤྱིར་མེ་དབལ་ནད་ཞེས་པ་དེ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི《གསོ་བ་རིག་པའི་མིང་ཚིག་འགའ་ཞིག་བཀྲོལ་བ་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང》ལས། མེ་ཡི་དབལ་གྱིས་འཚིག་པ་ལྟར། །འབྱུང་བས་གཉན་ནད་མེ་དབལ་བཤད། །ཅེས་དང་། དབལ་ཞེས་པའི་གོ་དོན་ནི། དག་ཡིག་ཟ་མ་ཏོག་ལས། དབལ་ནི་ཏོག་དང་རྩེ་མོ་དང་། །ཤ་ཉམས་མེ་ཡི་དྲོད་ལའོ། །ཞེས་དང་། འཕྲུལ་ལྡེ་ལས། ངན་ཁྲག་ཆུ་སེར་རླུང་གིས་གཡོས་ཏེ། །པགས་པའི་སྟེང་དུ་མེས་ཚིགས་པ་ལྟར་གྱི་ཆུ་ཐོར་དམར་པོ་ཞིབ་ཅན་ཚོམ་བུ་ཚོམ་བུ་འབྱུང་བ་ཅན་ནོ། །ཞེས་ལུང་འདྲེན་ལྟར་དང་། གསོ་རིག་ཚིག་མཛོད་ཡོངས་འདུའི་དགའ་ཚལ་ལས། གཙོ་བོ་གདོང་དང་ཡན་ལག་རྐེད་པ་སོགས་ལུས་ཀྱི་ཕྱིའི་པགས་པའི་ཆ་གང་རུང་ཞིག་ཏུ་འབྲུམ་ཐོར་མེས་ཚིག་འདྲ་བའི་ཆུ་བུར་སྒོར་དབྱིབས་ཟུར་མང་ཅན་གྱི་གཟུགས་སུ་མཆེད་སྐྱེན་པའི་ལྤགས་ནད་ཅིག་གི་མིང་སྟེ། མེ་ལྕེ་འཁོར་ལོ་ཞེས་ཀྱང་ཟེར།ཞེས་པ་དང་། གསོ་རིག་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཕན་བདེ་ནོར་བུའི་སྙེ་མ་ལས། གཉན་རིམས་ལྤགས་ལ་བབས་པ་མེ་དབལ་ལམ། ། མེ་ལྕེ་འཁོར་ལོ་ཞེས་གྲགས་ནད་འདི་ལ། །ཞེས་གསུངས་པ་ལྟར་གཉན་ནད་འགོས་རིམས་ཀྱི་རང་བཞིན་དང་ལྡན་པ་ཞིག་ཡིན་པར་མངོན།
        འདིར་མེ་དབལ་ནད་ལ་བརྟག་བཅོས་བྱ་བའི་སྐོར་ཐོག་མར་བོད་ལུགས་གསོ་རིག་གི་རྒྱུད་རྩ་ཚིག་དང་དགོངས་དོན་ར་སྤྲོད། བར་དུ་དེང་དུས་གསོ་རིག་གི་བརྟག་བཅོས་བྱ་ཐབས། ཐ་མར་ཁོ་བོས་གསོ་བཅོས་བྱས་པའི་མྱོང་ཚོར་བཅས་གསུམ་ཀྱི་སྒོ་ནས་ཞུ་ན།

དང་པོ། རྒྱུད་ཀྱི་དགོངས་དོན་བསྟན་པ།
གཅིག རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ།
        རྒྱུད་ལས། རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་ཁྲག་མཁྲིས་འཕེལ། །ཆུ་སེར་ཚ་བ་རླུང་གིས་བུས་པའོ། །ཞེས་གསུངས་པ་སྟེ། མེ་དབལ་གྱི་རྒྱུ་རྐྱེན་གཞི་མཐུན་ནི། ཟས་སྤྱོད་དམན་ལྷག་ལོག་པ་དང་། གདོན་གྱིས་བསྐྱེད་དེ་ཁྲག་མཁྲིས་ཆེར་འཕེལ་བས་ཆུ་སེར་བསྐྱེད་པ་ཚ་བ་རླུང་གིས་བུས་ནས་བསྐྱེད་པའི་ནད་ཡིན་ནོ། །ཡང་ཀོང་སྤྲུལ་གྱིས་ཤུ་ཐོར་དང་ཟ་འཕྲུག་བྱེད་པའི་རིགས་ཡིན་ཅིང་དབྱེ་བ་མང་ཡང་གྲང་བ་དང་བསྡོངས་པའི་ཆུ་སེར་དཀར་པོ། ཚ་བ་དང་བསྡོངས་པའི་ནག་པོ་གཉིས་སུ་འདུས། གདོན་རྒྱབ་ཀླུ་ས་བདག་གིས་བྱེད་པས་ཚབས་ཆེ་བ་མཛེ། འབྲིང་པོས་དྲེག་གྲུམ། ཐ་མས་མེ་དབལ་གླང་ཤུ་བས་ལྡག་མགོ་ལུས་ཀྱི་རྨ་རྣམས་བསྐྱེད། ཞེས་གསུངས་པ་བལྟས་ན་གདོན་ཤས་ཆེ་བ་དང་ཚ་བ་ཁྲག་མཁྲིས་ལས་ཆུ་སེར་འཕེལ་བ་ལས་ནད་འདི་བསྐྱེད།

གཉིས། དབྱེ་བ་བསྟན་པ།
        རྒྱུད་ལས། དབྱེ་བ་རླུང་མཁྲིས་བད་ཀན་མཚོན་ལས་བྱུང་། །གནས་ནི་པགས་པ་དོན་སྙིང་རྣམས་ལ་གནས། །ཞེས་གསུངས་པ་སྟེ། མེ་དབལ་ནད་ལ་དབྱེ་བ་ཕྱེ་ན་རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ།བད་ཀན་ལས་གྱུར་པ། མཚོན་ལས་གྱུར་པ་། གནས་ནི་ཕྱི་པགས་པ་དང་། ནང་དོན་སྙིང་རྣམས་ལ་གནས་པ་སྟེ་དྲུག་གོ།

གསུམ། རྟགས་བསྟན་པ།
        རྟགས་བསྟན་པ་ལ་ཡང་རླུང་ལས་གྱུར་བ་དང་། མཁྲིས་པ་ལས་གྱུར་བ། བད་ཀན་ལས་གྱུར་བ། མཚོན་ལས་གྱུར་བ། ཕྱིར་བྱུང་བ། ནང་དུ་གནས་པ་བཅས་རྣམ་པ་དྲུག་གོ།

༡ རླུང་གྱུར་གྱི་རྟགས་བསྟན་པ།
        རྒྱུད་ལས། དེ་རྟགས་རླུང་གྱུར་འདར་བརྩེ་སྐྲངས་གཟེར་སྐྱུག ཅེས་པ་སྟེ། མེ་དབལ་ནད་རླུང་ལས་གྱུར་པའི་རྟགས་ནི་འདར་བ་དང་བརྩེ་བས་རླུང་རིམས་འདྲ་བ། ལུས་སྐྲངས་པ། ཟུག་གཟེར་ཆེ་བ། སྐྱུགས་པ་སོགས་འབྱུང་ངོ་། །

༢ མཁྲིས་གྱུར་གྱི་རྟགས་བསྟན་པ།
        རྒྱུད་ལས། མཁྲིས་གྱུར་ཚ་དམར་མྱུར་མཆེད་ཁ་ཁ་སྐམ། ཞེས་པ་སྟེ། མཁྲིས་པ་ལས་གྱུར་པ་ནི། ཚ་ཞིང་མདོག་དམར་ལ་མྱུར་བར་མཆེད་པ་དང་། ཁ་ཁ་ཞིང་སྐོམ་དད་ཆེ་བ་སོགས་འབྱུང་ངོ་།།

༣ བད་གྱུར་གྱི་རྟགས་བསྟན་པ།
        རྒྱུད་ལས། བད་གྱུར་གཡའ་འཇམ་མགོ་རྐང་ཚིགས་གཞི་ན། ཞེས་པ་སྟེ། བད་ཀན་ལས་གྱུར་པ་ནི། གཡའ་ཞེས་ཟ་འཕྲུག་བྱེད་ཅིང་པགས་པ་འཇམ་ལ། མགོ་རྐང་སོགས་ཚིགས་གཞི་ན་བ་སོགས་འབྱུང་ངོ་། །

༤ མཚོན་ལས་བྱུང་བའི་རྟགས་བསྟན་པ།
        རྒྱུད་ལས། མཚོན་བྱུང་རིམས་འདྲ་འབྲུམ་དམར་ཚ་བས་ཁྱབ། ཅེས་པ་སྟེ། མཚོན་ལས་བྱུང་བ་ནི་ན་ཚུལ་རིམས་དང་འདྲ་ཞིང་འབྲུམ་པ་དམར་ལ་ཚ་བས་ཁྱབ་པ་འབྱུང་ངོ་། །

༥ ཕྱིར་བྱུང་གི་རྟགས་བསྟན་པ།
        རྒྱུད་ལས། ཕྱིར་བྱུང་མེས་ཚིག་རྨ་དང་འདྲ་ཞིང་མཆེད། ཅེས་པ་སྟེ། ཕྱིར་བྱུང་བ་ནི་མེས་ཚིག་པའི་རྨ་དང་འདྲ་ཞིང་ཆུ་བུར་དོན་ལ་མཆེད་སྐྱེན་པ་སྟེ་མྱུར་བ་འབྱུང་ངོ་། །

༦ ནང་གནས་ཀྱི་རྟགས་བསྟན་པ།
        རྒྱུད་ལས། ནང་གནས་གློ་སྙིང་ཚ་གདུང་མྱོས་པར་འགྱུར། །སྟོབས་ཉམས་གནས་དེར་ཚ་གཟེར་སྐོམ་དད་ཆེ། །ཞེས་པ་སྟེ། ནང་ལ་གནས་ན་གློ་སྙིང་ཚ་བས་གདུང་བ་དང་། སེམས་མྱོས་པར་འགྱུར་བ། ལུས་སྟོབས་ཉམས་ཤིང་གང་དུ་གནས་པ་དེར་ཚ་གཟེར་འབྱུང་བ་དང་། སྐོམ་དད་ཆེ་བ་བཅས་ཀྱི་རྟགས་འབྱུང་ངོ་། །

བཞི། བཅོས་ཐབས་བསྟན་པ།
        བཅོས་ཐབས་བསྟན་པ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་སོ།

༡ སྤྱིའི་བཅོས་ཐབས་བསྟན་པ།
        རྒྱུད་ལས། བཅོས་ཐབས་ཐོག་མར་གཏར་སྦྱང་ནང་སྐྱོན་བསལ། །དེ་འོག་བྱུག་པས་མེ་དབལ་ཞི་བར་བྱེད། །ཤིང་མངར་དུག་ཉུང་སོ་ཆ་སྟོད་བྱུང་རློན། །ར་གསུམ་ཀྱི་ལྕེ་དུར་བྱིད་སྨད་བྱུང་སྦྱོང་། །སྲན་ཆུང་ནིམ་པ་ཧོང་ལེན་ཀྱི་ལྕེ་དཀར། །ཤིང་མངར་སྐྱེར་པའི་ཁུ་བ་ཁོང་དུ་བླུད། །སྣུམ་བཅུད་མི་བཏང་གང་ཉེ་ཡང་ཡང་གཏར། །ནང་སྐྱོན་དག་ནས་མུ་ཟི་ནག་པོ་དང་། །ར་དུག་ཐར་ནུ་ལྡོང་རོས་ལྡེ་གུ་བྱུག །སྣག་ཚ་རུ་རྟ་གླ་རྩི་ཆུ་ངན་བྱུག །ཅེས་པ་སྟེ།བཅོས་པའི་ཐབས་ལ་སྤྱི་བཅོས་ཐོག་མར་ནང་སྐྱོན་བསལ་དགོས་པས་སྣོད་ཀ་དྲུག་འགོ་གཉིས་གང་བབས་གཏར་ཞིང་། སྟོད་སྐྱུག་སྨད་སྦྱོང་གང་འོས་འོག་ཏུ་འཆད་པ་ལྟར་གྱིས་སྦྱངས་ནས་ནང་སྐྱོན་བསལ་ལ་དེ་ནས་འོག་ཏུ་འཆད་པའི་བྱུག་པ་བྱས་ནས་མེ་དབལ་ཞི་བར་བྱེད་པ་དང་། ཡང་ཤིང་མངར་དང་། དུག་མོ་ཉུང་། པོ་སོ་ཆ་རྣམས་ཀྱིས་སྟོད་དུ་བྱུང་ན་རློན་ཞེས་སྐྱུགས་ཀྱིས་འདྲེན་པ་དང་ར་གསུམ་སྟེ་ཨ་བར་སྐྱུར་གསུམ་དང་། ཀྱི་ལྕེ་དཀར་པོ།དུར་བྱིད་རྣམས་་ཀྱིས་སྨད་དུ་་བྱུང་ན་སྦྱོང་བྱ་བ་དང་། སྲན་ཆུང་དང་ནིམ་པ། ཧོང་ལེན། ཀྱི་ལྕེ་དཀར་པོ། ཤིང་་མངར། སྐྱེར་པ་བཅས་པའི་ཁུ་བ་ཁོང་དུ་བླུད་ཅིང་སྣུམ་བཅུད་ཀྱི་རིགས་མི་བཏང་ཞིང་། ཁྲག་འཕེལ་བས་ན་སྣོད་ཀ་དྲུག་འགོ་སོགས་གང་ཉེ་ཡང་ནས་ཡང་དུ་གཏར་བས་ནང་གི་སྐྱོན་དག་ནས་མུ་ཟི་ནག་པོ་དང་། ར་དུག ཐར་ནུ་ལྡོང་རོས་རྣམས་ཀྱི་ལྡེ་གུ་ཕྱི་ལ་བྱུག་ཅིང་། སྐམ་རྩི་ནི་སྣག་ཚ། རུ་རྟ། གླ་རྩི། ཆུ་ངན་ནི། ཕོ་མོ་འཁྲིག་པ་སྤྱད་པའི་ཚེ་མཚན་མའི་བར་ནས་འབྱུང་བའི་ཆུ་བ་ལང་གི་ཁ་ཆུ་ལྟ་བུ་ནར་ནར་ཅན་འབྱུང་བ་དེ་དང་། མ་རྙེད་ན་དྲི་ཆུ་བཅས་བྱུག་གོ །

༢ བྱེ་བྲག་གི་བཅོས་ཐབས་བསྟན་པ།
        བྱེ་བྲག་གི་བཅོས་ཐབས་བསྟན་པ་ལའང་རླུང་གྱུར་དང་། མཁྲིས་གྱུར། བད་གྱུར། མཚོན་གྱུར་བཅས་བཅོས་ཐབས་རྣམ་པ་བཞིའོ། །

རླུང་གྱུར་གྱི་བཅོས་ཐབས་བསྟན་པ།
        རྒྱུད་ལས། རླུང་གྱུར་ཤུ་ཏི་གླ་སྒང་པི་པི་ལིང་། །ཤི་ཀྲུ་འུ་སུ་སྒྲོན་ཤིང་རུ་རྟ་དང་། །འོ་མ་མར་དང་སྦྱར་ལ་བྱུག་པར་བྱ། །ཞེས་པ་སྟེ། བྱེ་བྲག་རླུང་ལས་གྱུར་བར་ཤུ་ཏི་ཞེས་སྤྲུ་འབྲུ། གླ་སྒང་། པི་པི་ལིང་། ཤི་ཀྲུ་ཞེས་པ་ཕོ་བ་རིས་དཀར་པོ་དང་། འུ་སུ། སྒྲོན་ཤིང་། རུ་རྟ། འོ་མ་རྣམས་མར་དང་སྦྱར་ལ་བྱུག་པར་བྱའོ། །

མཁྲིས་གྱུར་གྱི་བཅོས་ཐབས་བསྟན་པ།
        རྒྱུད་ལས། མཁྲིས་གྱུར་པད་རྩ་ཨུཏྤལ་བ་ལེ་ཀ །རྒུན་འབྲུམ་ཙན་དན་ཤུག་པ་ཤེལ་ཏ་དང་། །ཤིང་མངར་གསེར་བཙག་འོ་མར་ཀ་ར་བྱུག །ཅེས་པ་སྟེ། མཁྲིས་པ་ལས་གྱུར་པར་པད་རྩ་ཞེས་པ་ཆུ་ལས་སྐྱེས་པའི་པདྨ་དངོས་ཀྱི་རྩ་བ་དང་མ་རྙེད་ན་དེང་སང་གང་ལའི་རྩ་བར་བཞེད་པ། བ་ལེ་ཀ རྒུན་འབྲུམ། ཙན་དན་དཀར་པོ། ཤུག་པ། ཤེལ་ཏ་སྟེ་སྒྲོན་ཤིང་ཐང་ཆུ། ཤིང་མངར། གསེར་བཙག་ཅེས་རྡོ་བཙག་དམར་པོ་བཅས་རའི་འོ་མར་ཀ་ར་དང་སྦྱར་ནས་བྱུག་པར་བྱའོ། །

བད་གྱུར་གྱི་བཅོས་ཐབས་བསྟན་པ།

        རྒྱུད་ལས། བད་ཀན་འབྲས་བུ་གསུམ་དང་པུ་ཤེལ་ཙེ། །འདམ་བུ་ཀ་ར་ཤུག་པ་བཙོད་ཁུ་བྱུག །ཅེས་པ་སྟེ། བད་ཀན་ལས་གྱུར་པར་འབྲས་བུ་ཨ་བར་སྐྱུར་གསུམ་དང་། པུ་ཤེལ་ཙེ། འདམ་བུ་ཀ་ར་ཞེས་རྩ་བུ་རམ། ཤུག་པ་བཙོད་བཅས་པའི་ཁུ་བ་རྣམས་བྱུག་གོ །

མཚོན་བྱུང་གི་བཅོས་ཐབས་བསྟན་པ།
        རྒྱུད་ལས། མཚོན་བྱུང་བསིལ་བས་བྱུག་ཅིང་གཏར་ག་བྱ། ཞེས་པ་སྟེ། མཚོན་ལས་བྱུང་བ་བསིལ་བའི་བྱུག་དང་གང་ཉེར་རྩ་རྣམས་མང་དུ་གཏར་བར་བྱའོ། །

༣ དེང་དུས་གསོ་རིག་གིས་བརྟག་བཅོས་བྱེད་ཐབས་སྐོར་གླེང་བར་བྱ་བ་ལ་ནད་ཀྱི་རྒྱུ་དང་། རྟགས། ཕོག་པའི་གནས། བཅོས་ཐབས་བཅས་རྣམ་པ་བཞི་ཡི་སྒོ་ནས་བཤད་པར་བྱའོ། །

རྒྱུ་བསྟན་པ་ལ།
        ནད་འདིའི་རྒྱུ་ནི་ནད་དུག་VZAཞེས་པའམ་མེ་དབལ་ནད་དུག་གིས་ན་བ་ཡིན། ནད་དུག་འདི་ཡིས་བྱིས་པའི་ཆུང་ནད་སིབ་བུ་ཀོབ་ཙེའི་ནད་ཀྱི་ནད་དུག་དེ་དག་ཆུ་རྩ་ལ་ཞེན་པའི་ནད་ཞིག་ཡིན་ཟེར་བར་བལྟས་ན་ལྷན་སྐྱེས་སུ་འབྱུང་བའི་ནད་ཡིན་པ་བོད་ལུགས་དང་མཐུན། ནད་འདི་ནི་འགོས་ཁྱབ་ཀྱི་རང་བཞིན་ལྡན་ཏེ། མི་ནི་ནད་ཁུངས་ཡིན་པས་ནད་དུག་དེ་ནད་པའི་རྩི་པགས་དང་། ཆུ་འབྲུམ་གྱི་ཆུ་སེར་དང་ཁྲག་གི་ནང་ལ་གབ་ནས་ཁ་སྣའི་ལུད་པ་ལས་ལུས་ཕྱིར་དོན་པས། ཟུངས་ཉམས་སྟོབས་ཞན་ཅན་གྱིས་ནད་ཅན་ཁ་ལུད་རྡུལ་ཕྲན་རྔུབས་པ་དང་ཁྲག་ཚབ་བརྒྱག་པ་ལས་འགོས་ཀྱིན་ཡོད།

རྟགས་བསྟན་པ།
        ནད་འདིའི་ནད་རྟགས་ནི་ཆུ་འབྲུམ་མ་དོན་སྔོན་ལ་ལུས་ལ་ཚ་བ་རྒྱག་པ་དང་། སྒྱིད་ལུག་པ། ཡི་ག་ལྡོག་པ་སོགས་ལུས་ཧྲིལ་པོ་མི་བདེ་ཡོང་རྒྱུ་དང་། གནས་བབ་ཀྱི་པགས་པ་ལ་ཟ་འཕྲུག་དང་ཁབ་འབུགས་པ་ལྟ་བུ་དང་མེས་ཚིགས་པ་ལྟ་བུར་ཚ་གཟེར་རྒྱག་པ། གཟའ་འཁོར་གཅིག་ནས་གསུམ་པར་ཆུ་རྩ་ཡོད་སའི་གནས་སུ་ཆུ་འབྲུམ་ཚོམ་བུ་ཚོམ་བུ་དོན་པ། ཆུ་འབྲུམ་དོན་པའི་གོ་རིམ་ནི་དང་པོར་པགས་ལ་དམར་སྤྲིན་ཆགས་ལ་ཆུ་ཚོད་འགའི་རྗེས་སུ་འབྲུམ་ལེབ་དང་ཆུ་འབྲུམ་དུ་གྱུར་འགྲོ་བ། ཆུ་འབྲུམ་ཆེ་ཆུང་ནི་འབྲས་དང་སྲན་ཆུང་ལྟ་བུར་རིམ་པ་བཞིན་དུ་ཆུ་རྩ་བརྒྱུད་ནས་རྐེད་རག་ལྟར་མཆེད་སྐྱེན་པར་ཐུག་རེག་ལ་ཙེག་ཆེ་བ། ཆུ་འབྲུམ་་མང་ཆེ་བ་ལུས་ཀྱི་གཞོགས་གཅིག་ལ་དོན་པ། གཟའ་འཁོར་གཅིག་གི་ཚེ་ལ་ཆུ་སེར་སྐམ་འགྲོ་རྒྱུ་ཉིན་བཅུ་ནས་བཅུ་གཉིས་བར་པགས་པ་སྲ་ཁྲེགས་གྱུར་ནས་གཟའ་འཁོར་གཉིས་ནས་གསུམ་བར་འབྲུམ་ཤུལ་ཡལ་མོད་ཟུངས་ཟད་མི་རྣམས་ལ་ཕོག་སའི་གནས་སུ་ན་ཟུག་ཡུན་རིང་དུ་ཡོད།
        ནད་འདི་ཕོག་པའི་གནས་ནི་སིབ་བུ་ཀོབ་ཙེའི་གཉན་དུག་གིས་རྒྱུངས་པའི་དབང་རྩ་ལ་ཕོག་པས་རྐེད་ཚིགས་དང་བྲང་སྐྱི་ལ་ཕོག་མཁན་བརྒྱ་ཆ་༦༠ཡིན། གཞན་གདོང་ལ་མཁུར་ཚོས་དང་སྣ། མཆུ་བཅས་ལ་ཕོག་ནས་འགུར་ཚོར་ཆུ་རྩ་དང་ཆུ་རྩ་སུམ་མདོ་རིས་རྒྱུད་ནས་མཐོང་བྱེད་དབང་པོ་མིག་གི་སྤྱིན་སྐྱི་སྒོར་འཁྱིལ་ཅན་གྱི་གཉན་ཚད་དང་མིག་སྤྲིན་གཉན་ཚད་འཇའ་སྐྱིའི་གཉན་ཚད་རྒྱག་པ་ལས། གཟུགས་མི་མཐོང་བ་ཚབས་ཆེ་ན་མིག་་ལོང་འགྲོ་བའང་ཡོད། ནད་དེའི་དུག་རོ་ལུས་པའི་སྐྱོན་གྱིས་མིག་འབྲས་གཉན་ཚད་དང་ཀླད་སྐྱིའི་གཉན་ཚད་ཀྱི་ནད་བྱུང་བ་དང་། ཚབས་ཆེ་ན་ལུས་སྲོག་འཕྲོག་པའི་ནད་ལ་གྱུར་རོ། ནད་འདི་ཆུ་འབྲུམ་ཡལ་རྗེས་སུ་ཕོག་སའི་གནས་ལ་ན་ཟུག་ཡུན་རིང་དུ་གཏོང་བ་ལྷག་པར་དུ་་ནད་པ་ན་ཚོད་རྒན་པ་རྣམས་ལ་ན་ཟུག་ཡུན་རིང་།
        ནད་འདི་བཅོས་པའི་ཐབས་ནི་ཐོག་མ་ལུས་ཀྱི་པགས་པའི་རྩི་སྲུང་བ་དང་པགས་པར་དུག་ སེལ་གཙང་མ་རྒྱུན་དུ་བྱེད་དགོས་པ། ལུས་པོ་ཟ་འཕྲུག་བྱུང་བ་ལས་ལག་སོར་འབྲད་པས་ཐབས་གཉན་མི་ཡོང་བའི་ཆེད་དུ་གཉན་སེལ་པགས་བྱུག་དང་། གཟེར་ཟུག་ཆེ་བ་ལ་གཟེར་འཇོམས་སྨན་ཁོག་ཏུ་གཏོང་དགོས། སྨན་གཙོ་བོ་གཉན་དུག་བསལ་བའི་སྨན་བསྟེན་དགོས་སྟེ། ཨ་ཤས་ལོ་ཝས་ཞེས་པ་དེ་དུས་ཐོག་ཏུ་གཏོང་ན་ཕན་ནུས་ཆེ། གཞན་བླ་གཉན་གྱི་ནད་པགས་པའི་རྨ་གཉན་དང་། གློ་ཚད། ཀླད་ཚད། མཆིན་ཚད་སོགས་ལ་འགོག་བཅོས་བྱ་དགོས་པའོ། །

གསུམ་པ། ཁོ་བོས་མེ་དབལ་ནད་ལ་བརྟག་བཅོས་བྱས་པའི་མྱོང་གྲུབ་བསྟན་པ་།
        སྔར་གསོ་བཅོས་བྱས་པའི་མཁས་མཆོག་ཡོངས་འཛིན་རྣམས་ཀྱིས་ལག་ལེན་དམར་ཁྲིད་མཐོང་བ་དོན་ལྡན་ཆར་ཆུ་འབེབས་པ་ལས་བདག་གིས་ཟིལ་བ་ཙམ་གྲུབ་པའི་མྱོང་འཚོ་བཤད་པ་ལ་བརྟག་ཐབས་དང་ལག་ལེན་བཅོས་ཐབས་གཉིས་ཀྱི་སྒོ་ནས་བསྟན་པའོ།།

གཅིག བརྟག་ཐབས་བསྟན་པ།
        འདི་ལའང《གསོ་རིག་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཕན་བདེ་ནོར་བུའི་སྙེ་མ་》ལས། རྟགས་དང་བཅོས་ཐབས་གཉིས་ལས་དེ་རྟགས་ནི། །བརྩེ་འདར་ཤ་ལྤགས་གཡའ་ཞིང་ཚ་ཙག་བྱེད། །འབྲུམ་པ་དམར་ཞིབ་འབྱུང་ལ་མཆེད་པ་མྱུར། །མེ་ལྕེ་རིས་་དང་ཚོམ་བུ་སྒོར་མོ་དང་། ཐོར་བུ་ལ་སོགས་ཅུང་ཟད་འདྲ་མིན་འབྱུང་། །གང་ཡང་རྐེད་པར་འཁོར་ན་ཤིན་ཏུ་ངན། །རྐང་ལག་སྐེ་ལ་འཁོར་བ་དེ་ཡང་ངན། །རྙིང་ནས་པགས་རལ་ཤ་ཟོས་རུས་པར་ཞུགས། །དེ་དུསའཚོ་བར་མི་འགྱུར་སྣ་ལ་བཅོས། །ཞེས་གསུངས་པ་ལྟར་དུ་གཉན་ནད་རེག་བྱ་མྱོང་བྱེད་ཀྱི་་གནས་པགས་པ་དང་ཆུ་རྩ་ལ་བབས་པས་ཚ་གཟེར་ཤིན་ཏུ་ཆེ་བ་ཆུ་སེར་ཚ་བ་རླུང་གིས་བུས་པས་འབྲུམ་དམར་དོན་པའོ། །འདི་ལ་གཉན་ཅན་དང་གཉན་མེད་གཉིས་འབྱུང་བ་ལས་གཉན་ཅན་འདི་དུས་ཐོག་ཏུ་བཅོས་དགོས་པ་ནི་ཤིན་ཏུ་ནས་གཟབ་པའི་གནད་ཡིན་ནོ།
        གདོང་དང་རྒྱབ་མདུན་གནས་སུ་ཐག་དྲེན་པ་བཞིན་དུ་འཚོ་དབང་ཆུ་རྩ་བརྒྱུད་ནས་གཡའ་ཞིང་ཟ་འཕྲུག་འབྱུང་ལ་འབྲུམ་ལེབ་དོན་དེ་ཡི་མཐའ་བསྐོར་ཆུ་འབྲུམ་ཚོམ་བུ་འབྱུང་། ཐུག་རེག་བྱས་པས་ཚ་ཙག་མེ་འབར་བ་པགས་འཁུན་པ་བཞིན་དུ་དང་ཕུགས་སུ་གཟེར་ཟུག་ཆེནཔོ་མནར་བ་འོངས།

གཉིས། ལག་ལེན་དངོས་བསྟན་པ།
        སྤྱིར་རྒྱུད་ལས་གསུང་པ་མུ་ཟི་་ནག་པོ་དང་། ར་དུག ཐར་ནུ་ལྡོང་རོས་རྣམས་ཀྱི་ལྡེ་གུ་ཕྱི་ལ་བྱུག་པ་ཡང་ན་སྐམ་རྩི་ནི་སྣག་ཚ། རུ་རྟ། གླ་རྩི། ཆུ་ངན་ནི། ཕོ་མོ་འཁྲིག་པ་སྤྱད་པའི་ཚེ་མཚན་མའི་བར་ནས་འབྱུང་བའི་ཆུ་བ་ལང་གི་ཁ་ཆུ་ལྟ་བུ་ནར་ནར་ཅན་འབྱུང་བ་དེ་དང་། མ་རྙེད་ན་ལོ་བརྒྱད་དྲི་ཆུའམ་ནད་པ་ཉིད་ཀྱི་དྲི་ཆུ་བཅས་ཟ་འཕྲུག་འབྲུམ་ལེབ་དོན་དུས་སུ་བྱུག་པ།

        ཡང་ན《གསོ་རིག་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཕན་བདེ་ནོར་བུའི་སྙེ་མ》ལས་སྟོན་པའི་མེ་དབལ་བྱུག་པ་བསྡེབས་ན་ཕན་ངེས་ཆེ་སྙམ། མཐའ་སྐོར་ཆུ་འབྲུམ་རྣམས་ལ་མེ་བུམ་དྲངས་ནས་ཆུ་འབྲུམ་དབྲལ་ནས་གང་ཉེར་གཏར་དམིགས་རྣམས་ལ་མང་དུ་གཏར་ནས་ནད་འདོན་ཁོང་དུ་སྨན་བྱུར་དམར་ཉེར་ལྔ། བསམ་ཁྱུང་། དངུལ་རིན་བཅོ་བརྒྱད། དངུལ་ཆུ་བཅོ་བརྒྱད། རྟ་གཟི་དམར་པོ། སྤང་རྩི་བཅུ་གཉིས། སྤྲིན་བྲལ་ཟླ་ཟེར་བཅས་དང་ཚ་བ་ཤིན་ཏུ་ཆེ་ན་དངུལ་ཆུ་བཅོ་བརྒྱད་སྟེང་དུ་ཁྱུང་ལྔ་སྣོན་ནས་གཏོང་བ་ནད་བབས་ཆེ་ཆུང་དང་ན་ཚོད་བསྟུན་ནས་གང་འོས་བསྟེན་པ་བྱའོ། །ཞེས་མཐའ་མར་འདིར་བརྗོད་ཀྱི་དོན་མ་རྟོགས་ལོག་རྟོགས་འགལ་འཁྲུལ་ནོངས་ཆ་ཡོད་སྲིད་པས་གཟུར་གནས་མཁས་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས།

(《མི་རིགས》དུས་དེབ་ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1